༢༠༡༡ ཟླ་ ༧ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༣ ཉིན་རྒྱ་གར་ཉིན་རེའི་གསར་ཤོག་(Hindustan Times)ནང་སྤེལ་བའི་གནས་ཚུལ་ལྟར་ན། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཕྱི་ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཚིགས་ཁྱད་པར་ཅན་དེ་བཞིན་འཛམ་གླིང་བོད་ཀྱི་ཉིན་མོ་ཞེས་པའི་ངོ་བོའི་ཐོག་ནས་སྲུང་བརྩི་གཟབ་རྒྱས་ཞུ་རྒྱུ་ཡིན་སྐོར་བཀོད་འདུག
དེ་ཡང་རྒྱ་གར་གྱི་དཔལ་འབྱོར་བསྟི་གནས་གྲོང་ཁྱེར་མུམ་བྷེམ་ནང་རྟེན་གཞི་བྱས་པའི་རྒྱ་གར་བོད་ཀྱི་གྲོགས་པོ་ཚོགས་པའི་འགན་འཛིན་སྐུ་ཞབས་སི་ཏུ་ངྷ་སི་ལགས་ཀྱིས་གསུངས་བའི་ནང་འཁོད་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུའི་འཁྲུངས་སྐར་གྱི་དུས་ཚིགས་ཁྱད་པར་ཅན་ལ་འཛམ་གླིང་བོད་ཀྱི་ཉིན་མོ་ཞེས་པའི་ངོ་བོའི་ཐོག་ནས་སྲུང་བརྩི་ཞུ་རྒྱུའི་དམིགས་ཡུལ་གཙོ་བོ་ནི། རྒྱ་ནག་གཞུང་གི་བཙན་གནོན་འོག་རང་དབང་མེད་པར་དཀའ་སྡུག་དང་མནར་གཅོད་ཚད་མེད་མྱངས་དང་མྱོང་བཞིན་ཡོད་པའི་བོད་མི་རྣམས་ཀྱི་ཆེད་མེད་དུ་མི་རུང་བའི་རང་དབང་སླར་གསོ་ཐོབ་སླད་དང། དེ་བཞིན་རྒྱ་གཞུང་གིས་བོད་མི་རྣམས་གྲངས་ཉུང་མི་རིགས་སུ་བསྒྱུར་བ་མ་ཟད། བོད་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་ལེན་བསྟར་བཞིན་པ་དེ་དག་འཛམ་གླིང་གི་མི་མང་ཚོའི་མིག་མདུན་མངོན་གསལ་བཟོ་རྒྱུ་ཡིན་ཞེས་གསུངས་ཡོད། ཕྱོགས་མཚུངས་དེ་ཉིན་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ནང་སྤྲིན་པའི་རྒྱབ་ཀྱི་ཉི་མ་ཞེས་པའི་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་གྱི་གློག་བརྙན་དེ་བཞིན་སྟོན་རྒྱུ་ཡིན་པ་མ་ཟད། མར་མེའི་ཁྲོམ་སྐོར་ཞིག་ཀྱང་གནང་རྒྱུ་ཡིན་འདུག་པ་བཅས། །
༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་འཛམ་གླིང་བོད་ཀྱི་ཉིན་མོ་ཞེས་པའི་ངོ་བོའི་ཐོག་ནས་སྲུང་བརྩི་གཟབ་རྒྱས་ཞུ་རྒྱུ་ཡིན་འདུག
གསར་གནས།
འབྲེལ་གནས།