༢༠༡༡ ཟླ་ ༦ ཚེས་ ༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༦ ཉིན་བོད་སྐྱོབ་དགེ་རྩ་ཚོགས་པ་ (Save Tibet Foundation) དང་ཨུ་རུ་སུ་སྐུ་ཚབ་དོན་ཁང་གཉིས་ཀྱིས་གོ་སྒྲིག་ཐོག་ཨུ་རུ་སུའི་རྒྱལ་ས་མོ་སོ་ཁོའི་(The hall of Library for Foreign Literature) ཞེས་པའི་ཚོགས་ཁང་དུ་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་གྱི་འཐབ་རྩོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་བོད་ཀྱི་འཆར་སྣང་། བཅས་ཀྱི་གནད་དོན་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ (The Sun behind the Clouds) ཉི་མ་སྤྲིན་པའི་འོག་ནས་ཞེས་པ་དེ་བསྟན་ཡོད། དེ་ཡང་མཛད་རིམ་གྱི་ཐོག་མར་ཨུ་རུ་སུའི་སྐུ་ཚབ་དོན་གཅོད་ངག་དབང་རབ་རྒྱལ་ལགས་ཀྱིས་སྐུ་མགྲོན་རྣམ་པས་གཙོས་དེར་འདུས་བོད་པའི་གྲོགས་པོ་དང་གསར་འགོད་པ་རྣམ་པར་ཕེབས་བསུའི་འཚམས་འདྲི་ཞུས།
དེ་རྗེས་བོད་སྐྱོབ་དགེ་རྩ་ཚོགས་པའི་ཚོགས་གཙོ་ཇུ་ལི་ཡ་ཇི་རོན་ཀི་ན་ (Julia Jironkina) ལགས་ཀྱིས་གློག་བརྙན་བཟོ་སྐྲུན་པ་རི་ཏུ་སཱ་རིན་ (Ritu Sarin) དང་བསྟན་འཛིན་བསོད་ནམས་གཉིས་མང་ཚོགས་ལ་ངོ་སྤྲོད་གནང་ཡོད། དེ་ནས་དུས་ཡུན་སྐར་མ་ ༧༩ ཅན་གྱི་གློག་བརྙན་དེ་མང་ཚོགས་ལ་བསྟན་གྲུབ་མཚམས། གསར་འགོད་པ་དང་མང་ཚོགས་ཀྱིས་ཁོང་རྣམ་གཉིས་ལ་བོད་རྒྱ་འབྲེལ་མོལ་དང། དབུ་མའི་ལམ། ༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མི་མང་ནས་ཐད་ཀར་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་མཛད་པ་སོགས་བོད་དོན་དང་འབྲེལ་བའི་དྲི་བར་བསྟན་འཛིན་བསོད་ནམས་དང་རི་ཏུ་སཱ་རིན་ལགས་གཉིས་ཀྱིས་ལན་འདེབས་ཟབ་རྒྱས་གནང་ཡོད། དྲི་བ་དྲིས་ལན་གྱི་ལས་རིམ་གྲུབ་རྗེས་གོ་སྒྲིག་ཚོགས་ཆུང་གིས་གློག་བརྙན་བཟོ་སྐྲུན་པ་ཁོང་གཉིས་ཀྱི་བྱས་རྗེས་ལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་འདུག དེ་བཞིན་གློག་བརྙན་བཟོ་སྐྲུན་པ་རྣམ་གཉིས་ལ་བོད་སྐྱོབ་དགེ་རྩ་ཚོགས་པའི་ངོས་ནས་དགའ་སྐྱེལ་གསོལ་སྟོན་ཞིག་གོ་སྒྲིག་ཞུས་ཡོད།
རྩ་བའི་བོད་སྐྱོབ་དགེ་རྩ་ཚོགས་པ་དེ་ནི་ཕྱི་ལོ་ ༡༩༩༣ ལོར་དབུ་འཛུགས་གནང་ཡོད་ཅིང། ཚོགས་པ་དེ་ནས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་གོང་འཕེལ་ཆེད་ལས་དོན་རྩོམ་བཞིན་ཡོད། ད་ཐེངས་ཁོང་རྣམ་པ་གཉིས་ཁལ་མུཀ་ནང་བསྟན་གྱི་གཙོ་འཛིན་ཏེ་ལོ་སྤྲུལ་སྐུ་རིན་པོ་ཆེས་ཨུ་རུ་སུར་མགྲོན་འབོད་གནང་བ་ཞིག་ཡིན་འདུག་པ་བཅས།།
ཨུ་རུ་སུའི་རྒྱལ་ས་མོ་སོ་ཁོར་༸གོང་ས་མཆོག་དང་བོད་དོན་སྐོར་གྱི་གློག་བརྙན་བསྟན་པ།
གསར་གནས།
འབྲེལ་གནས།