༢༠༡༡ ཟླ་ ༦ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༩ ཉིན་བཏང་གནས་ནང་འཁོད་དོན། རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་ཨོ་རྒྱན་ཚེ་རིང་ཚང་གི་རྔ་པ་ཀིརྟི་དགོན་གྱི་དགེ་འདུན་དགེ་འཕེལ་ལགས་རང་ལོ་ ༢༣ དང་ཕ་མིང་ལ་ཨོ་རྒྱན་ཚེ་རིང་ཡིན་ཞིང་། ཁོང་དང་རྨེའུ་རུ་མའི་རུ་ཆེན་དང་པོའི་ཨ་ཀྱཱ་ཀྱཱ་(མི་སྐྱ་)། རང་ལོ་ ༣༠ གཉིས་འཛིན་བཟུང་གིས་བཀག་ཉར་བྱས་འདུག འོན་ཀྱང་ཁོང་གཉིས་འཛིན་བཟུང་བྱས་པའི་ཟླ་ཚེས་དང་དེང་སྐབས་ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་པོ་ཤེས་རྟོགས་མེད་པའི་གནས་སུ་གྱུར། ཨ་ཀྱཱ་ཀྱཱ་ལ་གསུམ་པའི་བཅུ་དྲུག་ཉིན་དགེ་འདུན་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་རྗེས་མི་མང་གིས་ཡར་ལངས་བྱེད་སྐབས་སྣེ་འཁྲིད་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་ཞིག་ཡིན་འདུག
དེང་སྐབས་རྔ་པའི་དགོན་གྲོང་སྤྱི་དང་ལྷག་པར་རྔ་པ་ཀིརྟི་དགོན་པར་རྒྱ་ནག་གི་དྲག་ཆས་དམག་དཔུང་དང་ཉེན་རྟོག་མི་སྣ། དམིགས་བསལ་ཉེན་རྟོག་པ་བཅས་ཀྱིས་དམ་བསྒྲགས་བཀག་སྡོམ་བྱེད་བཞིན་ཡོད་པ་མ་ཟད། ད་དུང་མུ་མཐུད་ནས་བཀག་སྡོམ་དམ་བསྒྲགས་ཧ་ཅང་ཆེན་པོའི་འོག་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་སྤེལ་མུས་ཡིན་འདུག རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་སྤེལ་སྐབས། དགེ་འདུན་པ་རེ་རེ་ལ་ལས་བྱེད་པ་རེ་རེ་ལྟ་རྟོག་བྱེད་མཁན་དུ་བགོས་ནས་བཞག་ཡོད་པ་དེ་རྣམས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་སྐབས་ཚུར་གྲྭ་ཤག་ནས་འཁྲིད་རྒྱུ་དང་ཕར་གྲྭ་ཤག་ལ་སྐྱེལ་བཞིན་ཡོད། དགོན་པའི་ནང་གི་ལས་འགུལ་ཡོངས་ཀྱི་འགན་འཁུར་བ་གཙོ་བོ་རྔ་པ་རང་སྐྱོང་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་ཅེན་པོ་ཀྲང་དང་། འགན་འཛིན་གཞོན་པ་ཚེ་པོ་ཀྲང་གཉིས་ཡིན་འདུག
ཕྱི་ཟླ་ ༥ ཚེས་ ༢༦ ཉིན་དགེ་འདུན་པ་རྣམས་ལ་ཟླ་ཕོགས་སྤྲོད་སྐབས་ཁོང་རྣམས་ཀྱིས་ལེན་གྱི་མིན་ཚུལ་བཤད་ཀྱང་ཞི་དྲག་གི་ཐབས་ཤེས་སྣ་ཚོགས་བརྒྱུད་མཐར་མང་ཆེ་བར་ལེན་བཅུག་ཡོད་འདུག འོན་ཀྱང་དགེ་འདུན་པ་ཁག་གཅིག་གིས་གཏན་ནས་མ་བླངས་པར་བརྟེན། སྒོར་མོ་མི་ལེན་མཁན་གྱི་དགེ་འདུན་པ་ཉི་ཤུ་ལྷག་འཛིན་བཟུང་གིས་བཀག་ཉར་བྱས་འདུག་ཀྱང་ཁོང་རྣམས་ཀྱི་མིང་སོགས་གསལ་པོ་ཤེས་རྟོགས་མེད་པའི་གནས་སུ་ལྷུང། དེང་སྐབས་དགོན་པའི་ལྕགས་རིའི་ཕྱི་རོལ་གྱི་བྱང་ཕྱོགས་སུ་དམག་མི་སྡོད་སའི་གུར་ཆེན་པོ་གཉིས་དང། ཤར་སྒོའི་གཡས་གཡོན་དུ་གུར་ཆེན་པོ་གཉིས། ནུབ་ཁའི་སྨད་ཕྱོགས་ཀྱི་མཆོད་རྟེན་འོག་གུར་ཆེན་པོ་གསུམ། ནུབ་སྒོའི་གཡས་གཡོན་དུ་གུར་ཆེན་པོ་གཉིས། གླིང་མདོའི་སྒོ་ཆེན་འགྲམ་དུ་གུར་ཆེན་པོ་བཞི་བཅས་ཕུབ་སྟེ་རྒྱུན་དུ་དགོན་པའི་ཕྱི་རོལ་ནས་དམག་མིས་སྐོར་ཡོད་པ་མ་ཟད། ནང་དུ་ཁང་མིག་ཉེར་ལྔ་ལྷག་ཡོད་པའི་དགོན་པའི་ཚོམས་ཁང་གསར་པའི་ནང་དམག་མི་དང་ཉེན་རྟོག་པ་རྒྱུན་སྡོད་བྱེད་བཞིན་ཡོད་པ་དང་། དེ་མིན་གླིང་བར་དུ་ཡོད་པའི་གྲྭ་ཤག་སྟོང་པ་ཡོད་ཚད་ཀྱི་ནང་དུ་དམག་མི་དང་ཉེན་རྟོག་པ། དེ་བཞིན་ལས་བྱེད་རེ་ཟུང་བཅས་རྒྱུན་སྡོད་བྱས་དང་བྱེད་མུས་ཡིན་འདུག
ད་བར་རྒྱ་ནག་གཞུང་གིས་དགེ་འདུན་པ་ ༢༠༠ ལྷག་སྔ་ཕྱིར་དགོན་པའི་ནང་ནས་གཏན་ཕུད་བཏང་བའི་གནས་ཚུལ་གསལ་བསྒྲགས་བྱས་ཏེ། དགོན་པའི་ཆོས་ལུགས་དོ་དམ་ཁང་ལ་བཙན་དབང་གིས་ཐེལ་ཙེ་རྒྱག་ཏུ་བཅུག་ཡོད་ནའང་དགེ་འདུན་འདུས་མང་གིས་དེར་རྩ་བ་ནས་ངོས་ལེན་མེད་པའི་རྣམ་འགྱུར་ཤུགས་ཆེ་སྟོན་བཞིན་ཡོད་འདུག དགོན་པའི་ནང་ནས་ཕུད་པའི་དགེ་འདུན་པ་རྣམས་ཀྱིས་གྲྭ་ཤག་ཁག་དགོན་པ་གཞུང་གིས་ཉོ་ཐུབ་ན་མ་གཏོགས་གཞན་ཚང་མ་རྒྱ་གཞུང་གིས་གཏོར་ནས་རྩ་མེད་བཟོ་རྒྱུ་ཡིན་ཚུལ་ཤོད་ཀྱིན་ཡོད།
གོང་གསལ་དགོན་པའི་ནང་ནས་ཕྱིར་ཕུད་བྱས་ཡོད་པའི་ཁོངས་མགོ་ལོག་ཕྱོགས་ནས་དགེ་འདུན་པ་ཉི་ཤུ་ལྷག་ཡོད་པའི་གྲྭ་ཤག་དང་བཅའ་དངོས་རྣམས་ལྷན་ཅིག་ཏུ་བསྡུས་ཏེ་གཅིག་སྒྲིལ་རྫོང་ཐོག་ལ་ཁྱེར་ཞིང་། དེར་དོ་བདག་སོ་སོ་ལེན་དུ་ཡོང་དགོས་ཚུལ་བརྗོད་པར་དགེ་འདུན་པ་གཅིག་ཀྱང་མ་ཡོང་བར་བརྟེན། གཅིག་སྒྲིལ་རྫོང་ལ་རྩིས་ལེན་དགོས་ཚུལ་བཤད་ཀྱང་གཅིག་སྒྲིལ་རྫོང་གིས་མ་བླངས་སྟབས། མགོ་ལོག་ཁུལ་ལ་ཁྱེར་ནས་རྩིས་ལེན་དགོས་ཚུལ་བཤད་འདུག་ཀྱང་དེ་ནས་མ་བླངས་བར་བརྟེན། ཕྱིར་རྔ་པར་ཁྱེར་དགོས་བྱུང་འདུག་པ་བཅས། །
རྒྱ་གཞུང་གིས་རྔ་པ་ཀིརྟི་དགོན་པའི་དགེ་འདུན་དགེ་འཕེལ་ལགས་དང་མི་སྐྱ་ཨ་ཀྱཱ་ཀྱཱ་འཛིན་བཟུང་བྱས་པ།
གསར་གནས།
འབྲེལ་གནས།