༄༅། །འཕྲོད་བསྟེན་ལས་ཁུངས་དང་། བདེ་ལེགས་སྨན་ཁང་། ཨི་ཊ་ལི་རོགས་ཚོགས་ (A.I.S.P.O) གསུམ་མཉམ་སྦྲེལ་གྱིས་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༧ ནས་ ༢༩ བར་ཉིན་གསུམ་རིང་བདེ་ལེགས་སྨན་ཁང་གི་ཚོགས་ཁང་དུ་ཊི་བྷིའི་ཟབ་སྦྱོང་ཞིག་གནང་གི་ཡོད་པ་རེད། དེ་ཡང་། རང་རིགས་འདུ་སྡོད་ས་གནས་ཁག་གི་ནང་སྨན་པ་ལྡེང་མིན་གྱི་དཀའ་ངལ་ཡོད་མུས་ལ་སོང་། བཙན་བྱོལ་སྤྱི་ཚོགས་ཁྲོད་ཊི་བྷི་ནད་གཞི་འགོག་བཅོས་ཐོག་དཀའ་ངལ་ཡོད་པ་འགོག་ཐབས་སུ། ས་གནས་སྨན་ཁང་ཆེ་ཁག་གི་སྨན་ཞབས་རྣམས་ལ་ཊི་བྷི་སྔོན་འགོག་དང་སྨན་བཅོས་དང་འབྲེལ་བའི་ཟབ་སྦྱོང་གནང་སྟེ་སྨན་ཞབས་སོ་སོས་སྔར་ལྷག་འགན་འཁུར་གནང་སྟེ་ཊི་བྷི་འགོག་བཅོས་ཀྱི་ལས་རིམ་འཐུད་ཤོར་མེད་པར་ཚགས་ཚུད་དུ་གཏོང་རྒྱུར་དམིགས་ཏེ་ཟབ་སྦྱོང་གོ་སྒྲིག་ཞུས་པ་ཞིག་ཡིན། ཟབ་སྦྱོང་དུ་མཉམ་ཞུགས་གནང་མཁན་ཁྱབ་ཁོངས་སྨན་ཁང་ཆེ་ཁག་ནས་སྨན་ཞབས་ ༨ དང་། སློབ་གྲྭ་ཆེ་ཁག་ནས་སྨན་ཞབས་ ༧ དེ་བཞིན་དགོན་སྡེ་ཆེ་ཁག་ནས་སྨན་ཞབས་ ༧ བཅས་སྨན་ཞབས་ཁྱོན་བསྡོམས་གྲངས་ ༢༢ ཆེད་འབོད་ཞུས་ཡོད། ད་ལམ་ཧི་མ་ཅལ་མངའ་སྡེའི་རྒྱལ་སྤྱིའི་འཕྲོད་བསྟེན་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་  (Dr. K.C. Kaushal) དང་། ཀང་ར་རྫོང་གི་ཊི་བྷི་སྨན་པ་  (Dr. Ram) ཟུང་ནས་རྒྱ་གར་གཞུང་གི་ཊི་བྷི་འགོག་བཅོས་ལས་འཆར་ (RNTCP) དང་འབྲེལ་བའི་ཟབ་ཁྲིད་ཀྱང་གནང་གི་ཡོད་པ་བཅས་ཀྱི་གསལ་བསྒྲགས་སུ། འཕྲོད་བསྟེན་ལས་ཁུངས་ནས།

ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༤ ལ།།