༢༠༡༡ ཟླ་ ༦ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༧ ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྣམ་རྒྱལ་གྲྭ་ཚང་གི་འཛིན་ཁང་དུ་བོད་ཀྱི་སྨན་ལུགས་གཙང་བྲིས་སྒྱུ་རྩལ་ཐང་གའི་འགྲེམས་སྟོན་གནང་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང་། བཀའ་བློན་ཁྲི་ཚབ་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག ཀིརྟི་རིན་པོ་ཆེའི་སྐུ་ཚབ་དང། འབྲེལ་ཡོད་རི་མོའི་བསླབ་པ་མཐར་སོན་དང་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༦༠ བརྒལ་བ་ལྷན་འཛོམས་ཐོག་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་ཐང་གའི་འགྲེམས་སྟོན་དབུ་འབྱེད་གནང་སྟེ་གཟིགས་ཞིབ་གྲུབ་མཚམས་རྟེན་འབྲེལ་གྱི་གསོལ་ཇ་འབྲས་སིལ་ཕུལ། དེ་ནས་སྨན་ལུགས་གཙང་བྲིས་སྒྱུ་རྩལ་ཁང་གི་དགེ་རྒན་ནུབ་རྒྱ་བུ་ཆུང་ལགས་ཀྱིས་བོད་ཀྱི་སྨན་ལུགས་གཙང་བྲིས་སྒྱུ་རྩལ་གྱི་བྱུང་རིམ་དང་འགྲེམས་སྟོན་སྐོར་ངོ་སྤྲོད་གནང་གྲུབ་བསྟུན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་རིང་བརྟན་ཆེད་བཞེངས་པའི་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཞལ་ཐང་རེ་གུས་འབུལ་ཞུས།
དེ་རྗེས་ཆོས་རིག་བཀའ་བློན་མཆོག་གིས་བསླབ་པ་མཐར་སོན་གྱི་སློབ་གཉེར་བ་རྣམས་ལ་ཕྱག་འཁྱེར་གནང་སྟེ་གསུང་བཤད་གནང་བའི་སྙིང་དོན། འདིར་རི་མོའི་སྒྱུ་རྩལ་གྱི་ལམ་ནས་བོད་ཀྱི་ཆོས་དང་རིག་གཞུང་སོགས་འཛམ་གླིང་འདིའི་སྟེང་ངོ་སྤྲོད་བྱེད་ཐུབ་རྒྱུའི་དྲན་རྟེན་ལྟ་བུ་ཆགས་ཡོད། ང་ཚོ་བོད་མིའི་རྩ་དོན་ཐོག་བསམ་བློ་བཏང་ནའང་ཧ་ཅང་གནད་འགག་ཆེན་པོ་ཡིན། ལམ་ཐོག་ཏུ་འཕྲེད་དར་འཁྱེར་ཏེ་བོད་མིའི་རྩ་དོན་སྒྲུབ་རྒྱུ་ཁོ་ན་མ་ཡིན་པར་ང་ཚོ་གང་ཟག་མི་རེ་ངོ་རེ་ནས་འགན་རེ་འཁྱེར་ནས་རྣམ་པ་ཚོས་གཙང་གི་རི་མོའི་འབྲི་སྲོལ་འབུར་དུ་གཏོད་དེ་རྒྱལ་སྤྱིའི་སྟེང་ཚད་ལྡན་ཞིག་བྱུང་ན། བོད་དོན་བདེན་མཐའ་སེལ་རྗེས་བོད་ལ་ལོག་ཀྱང་རིག་གཞུང་འདི་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་ཐུབ་རྒྱུ་ཡོང་གི་རེད་བསམ་གྱི་འདུག དེ་བཞིན་འབྲི་སྲོལ་ཁུངས་དག་མ་བྱུང་ན། རིན་ཐང་ཆག་སྲིད་ཅེས་སོགས་ཀྱི་གསུང་བཤད་གནང་། དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་ལམ་སྟོན་གསུང་བཤད་གནང་བའི་སྙིང་དོན། ཐོག་མར་རྒན་བུ་ཆུང་ལགས་སུ་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། ཁྱེད་ཀྱིས་དཀའ་ངལ་མང་པོ་བསྐྱོན་ཏེ་ཧ་ཅང་གྲུབ་འབྲས་ཡག་པོ་མཐོང་རྒྱུ་འདུག་པས། ང་རང་རི་མོར་དོ་སྣང་ཡོད་མཁན་ཡིན་པའི་ཆ་ནས་ཧ་ཅང་དགའ་པོ་བྱུང་།
གདན་ས་ཆེན་པོ་བཀྲིས་ལྷུན་པོར་སྨན་བླ་དོན་གྲུབ་ཕེབས་ཏེ་ལྡེབས་རིས་དང་ཐང་ག་བྲིས་གནང་བ་མ་ཟད། ཁོང་གིས་སློབ་རྒྱུན་མུ་མཐུད་ནས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་སྐུ་བཅར་ལ་འབྲི་རྒྱུན་མ་ཆད་པར་ཡོད་པ་དེ་ངོ་མཚར་ཆེན་པོ་ཞིག་འདུག དེས་བསྐྱངས་པའི་སློབ་མའི་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་སྐབས་དཀའ་ཆེན་བློ་བཟང་ཕུན་ཚོགས་སོགས་ཧ་ལས་པ་བྱུང་འདུག སྨན་ལུགས་གཙང་བྲིས་ཕྱག་རྒྱུན་བར་མ་ཆད་པར་མི་རབས་མང་པོའི་རིང་བརྒྱུད་ཡོད་པ་དེ། ང་ཚོ་བོད་མི་ན་གཞོན་ཚོས་སློབ་སྦྱོང་བྱས་ནས་བོད་ཀྱི་རིག་གཞུང་དང་རི་མོའི་ལོ་རྒྱུས་ཁྲོད་དུ་བསྟོད་བསྔགས་བྱེད་འོས་པ་ཆགས་ཡོད་པས་དར་རྒྱས་གོང་འཕེལ་ཡོང་རྒྱུའི་ཕྱོགས་ལ་གོམ་གང་མདུན་སྤོས་གནང་རོགས་ཞུ་རྒྱུ་ཡིན། ང་ཚོའི་རི་མོ་འདི་ཆོས་ལུགས་ཀྱི་བརྩམ་བྱ་ཙམ་མ་ཟད་། མང་ཚོགས་ཀྱི་འཚོ་བའི་ཁྲོད་རི་མོའི་ཐོག་ནས་གང་ཟག་ཞིག་གི་རྩམ་སྒྲུང་འབྲི་རྒྱུ་ཡོང་སྲིད་པས། ཡིན་གཅིག་མིན་གཅིག་བོད་པའི་རི་མོ་འབྲི་དུས་ལྷ་འབྲི་དགོས་པའི་ངེས་པ་མེད། ཅེས་སོགས་ཀྱི་གསུང་བཤད་གྲུབ་བསྟུན་གཙང་ཕྲུག་སྟོབས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ།
ད་ཐེངས་འགྲེམས་སྟོན་འདིར་༸གོང་ས་སྐུ་ཕྲེང་རིམ་བྱོན་གྱི་ཐང་ག་གཙོ་བོ་གྱུར་བའི་སྟོན་པའི་མཛད་པ་བཅུ་གཉིས་དང་ཙོང་ཁ་བརྒྱད་ཅུའི་ཐང་ག་ཡིན་པ་དང་། དམིགས་ཡུལ་ནི་༸གོང་ས་མཆོག་གི་ཆོས་སྲིད་མཛད་རྣམ་ལ་བཀའ་དྲིན་རྗེས་དྲན་དང་། སྨན་ལུགས་གཙང་བྲིས་ཐུན་མིན་སྒྱུ་རྩལ་ཁྱད་ཆོས་ངོ་སྤྲོད། རང་རིགས་དོན་གཉེར་ཅན་ཚོར་སྲོལ་རྒྱུན་སྨན་ལུགས་ལག་རྩལ་འཇུག་ཆེད་ཡིན་འདུག་པ་བཅས། །