ཟླ་བ་ ༦ ཚེས ༨ ༢༠༡༡
   Posted in གསར་གནས།
 གསར་ལས་ཁང་གི་གསར་འགོད་པས།

༢༠༡༡ ཟླ་ ༦ ཚེས་ ༨ རེས་གཟའ་ལྷག་པ།
༄༅། །འདི་གར་ཐེ་ཝན་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ཟླ་ ༦ ཚེས་ ༣ ཉིན་ཐེ་ཝན་ཏན་ཅང་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་ཁང་ནས་གོ་སྒྲིག་འོག་སྐབས་བཞི་པའི་མཚོ་འགག་གཉིས་ཀྱི་བོད་རིག་པའི་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་སྐོང་ཚོགས་གནང་ཡོད། ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་ཐོག་མཚོ་འགག་གཉིས་ཀྱི་བོད་མི་དང་རྒྱ་མི་རིགས་བཅས་མཁས་དབང་མཉམ་འཛོམས་ཀྱིས་ཁྱོན་རྩོམ་ཡིག་བཅུ་ལྷག་སྒྲོགས་སྦྱང་གནང་ཡོད་པ་དང་། བགྲོ་གླེང་ཚོགས་འདུའི་དབུ་འབྱེད་མཛད་སྒོར་ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཆེད་དུ་གདན་ཞུ་གནང་དོན་བཞིན། ཁོང་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། དེ་བཞིན་སྐབས་གསུམ་པའི་བཀའ་ཁྲི་དང་། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་རྣམ་པའི་འོས་བསྡུའི་སྐོར་ངོ་སྤྲོད་དང་དབྱེ་ཞིབ་བཅས་གནང་ཡོད། ཏན་ཅང་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་ཁང་ནི་ཕྱི་ལོ་ ༡༩༨༥ ལོར་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། ལོ་གཉིས་རེའི་མཚམས་མཚོ་འགག་གཉིས་ཀྱི་བོད་རིག་པའི་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་ཐེངས་རེ་སྐོང་ཚོགས་གནང་གི་ཡོད་པ་རེད། དེ་ཡང་ཐེངས་འདིར་ཕྱི་ཟླ་ ༦ ཚེས་ ༤ ཉིན་ཐེ་ཝན་བོད་རྒྱ་མཐུན་ཚོགས་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་བཞི་ནས་མཉམ་འབྲེལ་ཐོག་དྲུག་བཞིའི་དོན་རྐྱེན་བྱུང་སྟེ་ལོ་ ༢༢ འཁོར་བར་དྲན་གསོ་དང་རྒྱ་ནག་མང་གཙོ་ཅན་དུ་འགྱུར་བའི་བགྲོ་གླེང་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད། བགྲོ་གླེང་ཚོགས་འདུའི་ཐོག་ཐེ་ཝན་གྲོས་ཚོགས་འཐུས་མི་དང་། དེ་སྔ་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཧུའུ་ཡའོ་པང་གི་དྲུང་ཡིག་གནང་མྱོང་མཁན་སྐུ་ཞབས་རོན་མིང་། ཐེ་ཝན་གཞུང་འབྲེལ་དང་ཕྱོགས་འགལ་གྱི་ལྟ་གྲུབ་འཛིན་མཁན།

དགེ་རྒན་ཆེན་མོ་བ་སོགས་ཀྱིས་གསུང་བཤད་གནང་ཡོད། དེ་བཞིན་ཐེ་ཝན་སྐུ་ཚབ་དོན་ཁང་གི་དྲུང་ཆེ་བསོད་ནམས་རྡོ་རྗེ་ལགས་ཀྱིས་བོད་རྒྱའི་འབྲེལ་ལམ་དང་། བཙན་བྱོལ་བོད་མིའི་ངོས་ནས་དྲུག་བཞིའི་དོན་རྐྱེན་གྱི་དྲན་གསོའི་དུས་ཚིགས་སྐབས་མཉམ་ཞུགས། ཕྱོགས་མཚུངས་རང་ཉིད་ཕྱི་ལོ་ ༡༩༨༩ ལོའི་དྲུག་བཞིའི་དོན་རྐྱེན་བྱུང་བའི་སྐབས་བོད་ནང་སློབ་སྦྱོང་བྱེད་སྐབས་ཀྱི་མྱོང་ཚོར་བཅས་ངོ་སྤྲོད་གནང་ཞིང་། ད་ཐེངས་ཀྱི་ཚོགས་འདུ་དེ་ཐེ་ཝན་བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་གཞོན་དགྲ་བཅོམ་པ་ལགས་དང་། ཚོགས་མི་བཀྲ་ཤིས་ཚེ་རིང་ལགས་གཉིས་ཀྱིས་གྲ་སྒྲིག་གནང་ཡོད་པ་བཅས།།

  •  
  •  
  •  
  •  
  •