༢༠༡༡ ཟླ་ ༦ ཚེས་ ༧ རེས་གཟའ་མིག་མར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༦ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡༢།༢༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནིའུ་ཛི་ལན་ཌིའི་ས་ཡོམ་གྱི་གནོད་འཚེ་ཕོག་པའི་གྲོང་ཁྱེར་ཁ་རི་སི་ཊི་ཆར་ཇ་ (Christchurch) དུ་༸ཞབས་སོར་བདེ་བར་འཁོད་སྐབས་དད་ལྡན་མང་ཚོགས་གྲངས་ ༥༠ བརྒལ་བས་ལག་ཏུ་སྤོས་སྣེ་དང་དཀར་གཙང་མཇལ་དར། བོད་ཀྱི་རྒྱལ་དར་སོགས་ཐོགས་ཏེ་མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། སྐབས་དེར་གནམ་ཐང་དུ་གསར་འགོད་པ་ཚོར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ངོས་རང་ས་གནས་འདིར་བསླེབས་ཐུབ་པར་ཧ་ཅང་དགའ་བོ་བྱུང། ངོས་ནས་ས་གནས་འདིའི་མི་མང་ཚོར་སེམས་ཁྲལ་བྱས་ནས་སྡོད་པ་ལས་སྙིང་སྟོབས་བསྐྱེད་ཏེ་དཀའ་ངལ་དེ་དག་ལས་རྣམ་པར་རྒྱལ་ཐུབ་པ་བྱ་རྒྱུ་དང་། ས་ཡོམ་གྱི་གོད་ཆག་འོག་རྩ་གཏོར་ཕྱིན་པའི་ཁང་ཁྱིམ་དེ་དག་བསྐྱར་སྐྲུན་བྱ་རྒྱུའི་ལས་ལ་འབད་བརྩོན་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་བཀའ་སློབ་ཕེབས་ཡོད།
སྐབས་དེར་ས་གནས་དེར་གནས་སྡོད་ལྕམ་སྐུ་ཨི་ལེན་ཌོབ་སོན་ (Elain Dobson) ལགས་ཀྱིས་གསུང་དོན། མགོན་པོ་གང་ཉིད་མཆོག་གྲོང་ཁྱེར་འདིར་༸ཞབས་སོར་འཁོད་པ་འདི་ནི་གྲོང་ཁྱེར་འདིའི་བསོད་ནམས་རེད། ཁོང་ནི་ཁྱད་དུ་འཕགས་པའི་སྐྱེ་བུ་ཞིག་ཡིན་པ་མ་ཟད། ས་ཡོམ་གྱི་གནོད་འཚེ་ཕོག་པ་རྣམས་ལ་དཀའ་ངལ་དེར་གདོང་ལེན་བྱེད་རྒྱུར་ཕན་ཐོགས་ཆེན་པོ་ཡོང་ངེས་རེད་དྲན་གྱི་འདུག ཅེས་གསུངས་ཡོད།
ཕྱི་ཚེས་ ༧ ཉིན་རྒྱབ་ཏུ་༸གོང་ས་མཆོག་གིས་(CBS Canterbury Arena) ཞེས་པའི་རྩེད་རར་ཁ་རི་སི་ཊི་ཆར་ཇའི་ས་གནས་མི་མང་རྣམས་ལ་བཀའ་སློབ་དང་ཐུགས་སྨོན་མཛད་རྗེས་ས་ཡོམ་གྱི་གོད་ཆག་ཕོག་མཁན་རྣམས་དང་མྱུར་སྐྱོབ་ལས་བྱེད་རྣམ་པར་ཁ་རི་སི་ཊི་ཆར་ཇའི་སྨན་ཁང་དུ་མཇལ་ཁ་སྩལ་རྒྱུ་ཡིན་འདུག་པ་བཅས།།