༢༠༡༡ ཟླ་ ༦ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༩ རེས་གཟའ་ཉི་མའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་པཱར་ཐ་ (Perth) ནང་བྷར་སི་ཝུ་ཌ་ཚོགས་ཁང་ཆེན་མོའི་(Burswood Dome) ནང་མང་ཚོགས་ ༡༤༥༠༠ ཙམ་ལ་དེང་དུས་སྤྱི་ཚོགས་ནང་ཆོས་ཀྱི་བསླབ་བྱ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད། དེ་ཡང་བཀའ་སློབ་དབུ་འཛུགས་མ་མཛད་གོང་ཐོག་མར་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཀྱི་གཞས་སྣ་འཁྲབ་སྟོན་པ་ཁག་གཅིག་གིས་སྲོལ་རྒྱུན་གྱི་ལམ་ནས་༸གོང་ས་མཆོག་ལ་ཕེབས་བསུའི་འཚམས་འདྲི་གཟབ་རྒྱས་ཞུས་ཡོད།
དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། དུས་རབས་ ༢༠ ནང་དང་དུས་རབས་ ༢༡ པའི་འདས་པའི་ལོ་བཅུ་ཕྲག་གཅིག་གི་ནང་ཕྱི་དངོས་པོའི་འཛུགས་སྐྲུན་ཐོག་ཡར་རྒྱས་ཧ་ཅང་ཆེན་པོ་ཕྱིན་ཡོད། ད་ཆ་ནང་ཤེས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་དེ་དག་གོང་མཐོར་གཏོང་རྒྱུར་འབད་བརྩོན་བྱེད་དགོས། བཟང་སྤྱོད་དང་འབྲེལ་བའི་ནང་བསམ་བློ་ཡར་རྒྱས་གཏོང་རྒྱུའི་བསླབ་བྱ་དེ་དག་སློབ་ཚན་ལྟ་བུར་བཀོད་སྒྲིག་གིས་བུ་གསོ་ཁང་ནས་མཐོ་སློབ་བར་སློབ་ཁྲིད་ལམ་སྟོན་བྱེད་རྒྱུ་གལ་ཆེན་པོ་ཡིན།
ནུབ་ཕྱོགས་པ་ཕལ་མོ་ཆེས་བཟང་སྤྱོད་དང་འབྲེལ་བའི་ནང་བསམ་བློའི་རིན་ཐང་ཡར་རྒྱས་གཏོང་རྒྱུ་ཟེར་བ་དེ་ཆོས་ཀྱི་སྐད་ཆ་ཁོ་ན་རེད་སྙམ་པའི་བསམ་ཚུལ་དེ་དངོས་འབྲེལ་ཡིན་ན་འཛམ་གླིང་འདི་སྟེང་ཆོས་ཁས་མི་ལེན་མཁན་མང་པོ་ཞིག་ཡོད་པ་རྣམས་རང་བཞིན་གྱིས་བུད་འགྲོ་རྒྱུ་རེད། དེ་ལྟར་ངོས་འཛིན་བྱས་ན་ཁྱབ་ཆུང་དྲགས་པ་རེད། ངོས་ཀྱིས་ནང་གི་རིན་ཐང་ཟེར་བ་དེ་ནང་ཤེས་རྒྱུད་དང་འབྲེལ་བའི་བཟང་སྤྱོད་དཔེར་ན་བྱམས་བརྩེ་ལྟ་བུར་བརྗོད་ཀྱི་ཡོད། མི་ཚང་མར་གཞན་ལ་བྱམས་བརྩེ་སྟོན་རྒྱུའི་ནུས་པ་ཡོད། གང་ཡིན་བརྗོད་ན། མི་ཚང་མ་རང་གི་མའི་བྱམས་བརྩེའི་འོག་འཚོ་སྐྱོང་བྱུང་ཡོད་ཅེས་བཀའ་སློབ་སྩལ་བ་མ་ཟད། གདོད་མའི་མི་རིགས་ཚོས་རང་གི་སྲོལ་རྒྱུན་གྱི་ཐུན་མིན་ལེགས་བྱང་རྣམས་བདག་གཅེས་གནང་བའི་ཐོག་དེང་དུས་ཀྱི་ཤེས་ཡོན་ལ་དོ་སྣང་དང་འབད་བརྩོན་བྱེད་རྒྱུ་གལ་ཆེ་ཡིན་སྐོར་བཀའ་སློབ་སྩལ།
བཀའ་སློབ་གྲུབ་བསྟུན་༸གོང་ས་མཆོག་ཨོ་སི་ཊོ་ལི་ཡར་གདན་ཞུ་ཚོགས་ཆུང་ (Dalai Lama in Australia Ltd,) གིས་ཆིབས་སྒྱུར་དང་འབྲེལ་བའི་ལས་བསྡོམས་སྙན་སྒྲོན་ཞུ་སྐབས་ཐེངས་འདིའི་མགོན་པོ་གང་ཉིད་མཆོག་གི་ཆིབས་སྒྱུར་སྐབས་བཀའ་ཆོས་དང་བཀའ་སློབ་ཞུ་བར་བཅར་མཁན་མི་གྲངས་ ༦༥༠༠༠ ཙམ་ཕེབས་ཡོད་པ་དང་། དྲ་རྒྱའི་ཐོག་མི་གྲངས་ ༡༠༠ ༠༠༠ བརྒལ་བ་ཙམ་ནས་བཀའ་སློབ་དང་བཀའ་ཆོས་ཞུས་ཡོད་སྐོར་གསལ་བསྒྲགས་གནང།
ཉིན་གུང་ལྗགས་སྨིན་སྐབས་༸གོང་ས་མཆོག་གིས་ཨོ་སི་ཊོ་ལི་ཡའི་ནུབ་ཕྱོགས་ཁུལ་གྱི་ཚོང་པའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ། ཁུལ་དེའི་ཨོ་སི་ཊོ་ལི་ཡའི་ཚོང་པ་རྣམས་རྒྱ་ནག་དང་ཚོང་འབྲེལ་ཧ་ཅང་ཤུགས་ཆེན་པོ་ཡོད། ཕྱོགས་མཚུངས་དེ་ཉིན་༸གོང་ས་མཆོག་གིས་བོད་རིགས་དང་སོག་རིགས། འབྲུག་པ་བཅས་ལ་མཇལ་ཁ་དང་བཀའ་སློབ་ཀྱང་སྩལ་ཡོད།
དེ་ཉིན་གྱི་མཛད་སྒོའི་མཐའ་མར་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་བསྟོད་གླུ་ (Songs For the Dalai Lama) ཞེས་པའི་གླུ་གར་གྱི་འདུ་འཛོམས་ཤིག་གོ་སྒྲིག་གནང་སྐབས་མགོན་པོ་གང་ཉིད་མཆོག་ཁྱུག་ཙམ་འཁྲབ་སྟོན་བྱས་ས་དེར་ཆིབས་སྒྱུར་བསྐྱངས་ཏེ་ཨོ་སི་ཊོ་ལི་ཡའི་གཞས་པ་གཞས་མ་གྲགས་ཅན་ཚོས་གཞས་སྣའི་ལམ་ནས་བྱམས་བརྩེ་དང་ཞི་བདེའི་བསླབ་བྱ་འཛམ་གླིང་གང་སར་ཁྱབ་བསྒྲགས་བྱེད་རྒྱུའི་ལས་དོན་ལ་བསྔག་བརྗོད་མཛད་ཡོད།
གླུ་གར་གྱི་འདུ་འཛོམས་དེའི་སྐབས་ཊིམ་རོ་ཇར་སི་དང་ཊེ་སི་པར་ཀིན་སི། བྷེ་བྷི་ཨེ་ནི་མལ་སི་སོགས་དང་བོད་པའི་གཞས་པ་བསྟན་འཛིན་ཆོས་རྒྱལ་དང་རྒྱུད་བསྟོད་གྲྭ་ཚང་གི་དགེ་འདུན་པ་བཅས་ཀྱི་ཆུད་ཚོད་དྲུག་ཙམ་རིང་མང་ཚོགས་ལ་གཞས་སྣ་འཁྲབ་སྟོན་གནང་ཡོད་པ་བཅས།།