༢༠༡༡ ཟླ་ ༦ ཚེས་ ༢༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཝི་ཏི་ནམ་(Vietnam) དད་ལྡན་ཆོས་ཞུ་བ་ཁག་གཅིག་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་བཞིན་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་དེ་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་དབུ་འཛུགས་མཛད་ཡོད། དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཝི་ཏི་ནམ་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་ནས་སྤོས་སྣེས་སྔོན་བསུས་ཏེ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་རྗེས་མགོན་པོ་གང་ཉིད་མཆོག་གིས་ཝི་ཏི་ནམ་དད་ལྡན་ཆོས་ཞུ་བ་ ༥༠༠ གཙོ་བོར་གྱུར་པའི་ཕྱི་ནང་དད་ལྡན་ཆོས་ཞུ་བ་ཁྱོན་མི་གྲངས་ ༥༥༠༠ བརྒལ་བར་སྔོན་འགྲོའི་བཀའ་ཆོས་སྩལ་དོན།
དེ་རིང་འདིར་ཆོས་ཞུ་བ་ཆེད་དུ་བྱ་བའི་གདུལ་བྱ་ཝི་ཏི་ནམ་ཡུལ་ནས་ཕེབས་མཁན་ཚོ་ཆགས་ཡོད། ངོས་རང་ཨ་རི་དང་། ཕ་རན་སི། ཨོ་སི་ཊོ་ལི་ཡ་སོགས་ལ་བསྐྱོད་སྐབས་ཝི་ཏི་ནམ་ཆོས་གྲོགས་ཕོ་མོ་མང་དག་ཅིག་ཐུག་གི་ཡོད། འོན་ཀྱང་ཝི་ཏི་ནམ་རང་ནས་ཆོས་ཞུ་བར་ཡོང་མཁན་མང་པོ་ཞིག་དང་ཐུག་རྒྱུ་བྱུང་བ་ད་རེས་ཐོག་མ་རེད། ཁྱེད་རྣམས་ཆེད་མངགས་ཝི་ཏི་ནམ་ནས་ཆོས་དོན་དུ་གཉེར་ནས་ཡོང་བསྡད་པ་རེད། དེར་བརྟེན་ངོས་ཀྱིས་ཚང་མར་འཚམས་འདྲི་དང་དགའ་བསུ་ཞུ་རྒྱུ་ཡིན། ངོས་ཀྱི་ཆོས་འབྲེལ་སྐབས་ཐོག་མར་སངས་རྒྱས་ཀྱི་ཆོས་ངོ་སྤྲོད་བྱེད་རྒྱུ་དེ་གལ་ཆེན་པོར་རྩི་བཞིན་ཡོད། གང་ཡིན་བརྗོད་ན། སངས་རྒྱས་ཀྱི་ཆོས་ཞེས་པ་དེར་གོ་རྟོགས་གང་ཡང་མེད་པ་ཞིག་གིས་སངས་རྒྱས་པའི་ཆོས་པ་ཡིན་ཞེས་སངས་རྒྱས་དང་ཆོས་ དགེ་འདུན་གསུམ་ལ་སྐྱབས་སུ་མཆི་ཞེས་བརྗོད་ནས་སྐྱབས་འགྲོའི་ཚིག་ཙམ་ཞིག་བཏོན་ནས་ནང་པའི་ཆོས་བྱེད་ཀྱི་ཡོད་དྲན་སྡོད་མཁན་མང་པོ་ཞིག་ཡོང་གི་ཡོད། སྐྱབས་སུ་འགྲོ་ཡུལ་གྱི་སྐྱབས་གནས་གསུམ་པོ་དེ་གང་འདྲ་ཡིན་མིན་གྱི་གོ་རྟོགས་གང་ཡང་མེད་པར་དད་པ་གཙོ་བོར་བྱས་ཏེ་འགྲོ་རྒྱུ་དེ་ཚད་ལོང་གི་མེད།
སྤྱིར་རྒྱ་གར་གྱི་མཁས་པའི་གཞུང་ནང་དབང་རྟུལ་དད་པའི་རྗེས་འབྲངས་དང་དབང་རྣོན་ཆོས་ཀྱི་རྗེས་འབྲངས་ཟེར་བའི་གདུལ་བྱ་མི་འདྲ་བ་གཉིས་ཡོང་གི་ཡོད། ང་ཚོ་དུས་རབས་ཉེར་གཅིག་པའི་ནང་སླེབས་ཡོད། སོ་སོས་ཆོས་དད་བྱེད་རྒྱུ་དེའང་དུས་རབས་ཉེར་གཅིག་པ་དང་འཚམས་པ་ཞིག་དགོས་རྒྱུ་དེ་གལ་ཆེན་པོ་རེད་། དེར་བརྟེན་ནང་ཆོས་ངོ་སྤྲོད་བྱེད་རྒྱུ་དེ་གལ་ཆེ་དོན་ཆེན་རྩིས་ཀྱི་ཡོད་ཅེས་སོགས་ཀྱི་བཀའ་སློབ་གྲུབ་བསྟུན་བཀའ་ཆོས་དངོས་གཞི་དབུ་འཛུགས་བཀྲིན་བསྐྱངས་ཏེ་ཞོགས་པ་ཆོས་ཐུན་གཅིག་དང་ཕྱེད་ཡོལ་ཆོས་ཐུན་གཅིག་སྩལ་ཡོད་པ་བཅས།།