སྦེལ་ཀོབ་བདེ་སྐྱིད་སླར་གསོའི་ས་གནས་འགོ་འཛིན་ལས་ཁང་གིས་རྩ་དོན་དང་འབྲེལ་བའི་ལས་འགུལ་ཇི་སྤེལ་སྙིང་བསྡུས།
༄༅། །འདི་གར་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་ས་གནས་འགོ་འཛིན་ལས་ཁངནས་བཏང་གནས། རང་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་མང་གཙོའི་ལྟ་གྲུབ་དང་། བོད་ཀྱི་རྩ་དོན་དང་འབྲེལ་བའི་ཆབ་སྲིད་ལམ་སྟོན་ཇི་སྙེད་ཅིག་བརྙན་འཕྲིན་ལམ་ ནས་སྐབས་མཚམས་སོ་སོར་སྤྱི་མི་བརྒྱུད་འགྲེམས་སྤེལ་དང་ལམ་སྟོན་ཇི་ཕེབས་མང་ ཚོགས་ལ་གསལ་བསྒྲགས་ཞུ་བཞིན་ཡོད། དེ་བཞིན་ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༠ ཉིན་ལུགས་བདེ་གཞིས་ཆགས་གཉིས་ཀྱི་སེར་སྐྱ་མི་མང་༸རྒྱལ་བའི་ཕོ་བྲང་དུ་འདུ་ འཛོམས་ཀྱིས་རྒྱ་དམར་བཙན་འཛུལ་བས་བོད་ཆོལ་གསུམ་མི་མང་ཡོངས་ནས་ཕྱི་ལོ་ ༡༩༥༩ ལོའི་ ༣ ཚེས་ ༡༠ ཉིན་མི་མང་སྒེར་ལངས་ཀྱིས་མི་ལོ་ ༥༠ འཁོར་བའི་དུས་དྲན་ལ་ཆོས་ཕྱོགས་ཀྱི་༸རྒྱལ་བའི་ཞབས་བརྟན་དང་སྒྲོལ་མ། སྲུང་མ་དམར་ནག་གཙོས་པའི་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་དགྱེས་ཕྱིར་བསང་གསོལ་གཟབ་རྒྱས་ཕུལ། ཕྱི་ཟླ་ ༧ ཚེས་ ༦ ཉིན་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དམིགས་བསལ་མཛད་སྒོར་ས་གནས་འགོ་འཛིན་རྣམ་གཉིས་དང་། གདན་ས་ཁག་གི་མཁན་བླ་རྣམས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་རྗེས་ལུགས་བདེ་གཞིས་ཆགས་གཉིས་ཀྱིས་འགོ་མང་ཡོངས་ནས་མཇལ་ཁ་གོ་རིམ་བཞིན་ཞུས་ཏེ་༧རྒྱལ་བའི་ཞལ་བརྟན་གསོལ་འདེབས་དང་བསང་གསོལ་གཟབ་རྒྱས་གནང། སྐུ་མགྲོན་གཙོ་བོ་མཱ་སོར་རྫོང་གི་རྫོང་དཔོན་དང་དམིགས་བསལ་སྐུ་མགྲོན་དུ་རྫོང་ཁུལ་རང་སྐྱོང་ཡར་རྒྱས་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་བཅས་རྒྱ་གར་ཉེ་ འགྲམ་གྲོང་ཚོ་ཁག་གནད་ཡོད་མི་སྣ་གདན་ཞུས་ཐོག་ས་གནས་འགོ་འཛིན་ནས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་དང་། སྐུ་མགྲོན་གཙོ་བོ་དང་གནད་ཡོད་མི་སྣས་གསུང་བཤད་གནང་རྗེས་གཞས་སྣ་ཁག་འཁྲབ་ སྟོན་དང་གསོལ་སྟོན་སྟབས་བདེ་ཞིག་ནས་ཉིན་རྒྱབ་རྕེད་འགྲན་སྡེ་ཁག་རྐང་རྩེད་ སྤོ་ལོ་འགྲན་བསྡུར་གྱི་མཇུག་བསྡོམས་བྱ་དགའ་གནང་བ་བཅས་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་པ་དང་། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་དང་བཙན་བྱོལ་དུ་མང་གཙོ་དབུ་བརྙེས་ནས་ལོ་ ༥༠ ཧྲིལ་བུ་འཁོར་བའི་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུ་ཕྱོགས་ཐད་རང་གཞུང་བཀའ་དྲུང་ཡིག་ཚང་གི་བཀོད་འདོམས་དང་བོད་མི་མང་སྤྱི་ལྷན་རྣམས་ནས་བཀོད་མངགས་ལྟར་ གྲ་སྒྲིག་ཆ་ཚང་ལུགས་བདེ་གཞིས་ཆགས་གཉིས་ནས་འགན་འཁུར་འཐུས་ཚང་ཞུས་ཡོད་པ་བཅས་སུ།
ཀ་སྦུག་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་སྙིང་བསྡུས།
༄༅། །འདི་གར་ཀ་སྦུག་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་དྲིལ་ལས་ཁུངས་ནས་དུས་ནས་དུས་སུ་གསར་ཤོག་དང། དུས་དེབ། འོད་སྡེར་འབྱོར་བ་རྣམས་མི་མང་ལ་རང་གཞུང་གི་སྲིད་བྱུས་དང་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་རྒྱུར་འགྲེམས་སྤེལ་བྱས་པ་ལྟར་ཕན་ཐོགས་ཆེན་པོ་བྱུང་ཡོད། ལྷག་པར་༸གོང་ས་མཆོག་གི་མཛད་འཕྲིན་དང་། གཞུང་འབྲེལ་དུས་དྲན་ཁག་སྲུང་བརྩི་ཞུས་པའི་འོད་སྡེར་དེ་དག་ཀ་སྦུག་ས་གནས་ཀྱི་ས་གནས་བརྙན་འཕྲིན་(Local Channel) བརྒྱུད་མང་ཚོགས་ལ་གང་ཐུབ་སྟོན་བཞིན་ཡོད། ས་གནས་སུ་ཆབ་སྲིད་དང་འབྲེལ་བའི་རང་གཞུང་ནས་བཀའ་ཇི་ཕེབས་བཞིན་དམ་དོན་ཞུ་བཞིན་ཡོད་པ་མ་ཟད། ས་གནས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་དང། ས་གནས་སུ་བོད་དོན་ལས་འགུལ་ཇི་སྤེལ་ལ་ས་གནས་མི་མང་ནས་མཉམ་ཞུགས་གནང་དང་གནང་མུས་ཡིན། ས་གནས་མི་མང་རྣམས་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་པ་བཞིན་ལོ་འདིའི་ནང་ས་གནས་སུ་དབུ་མའི་ལམ་གྱི་ལས་འགུལ་སྤེལ་མཁན་སྒྲིག་འཛུགས་ཤིག་གསར་འཛུགས་ཐུབ་པ་བྱུང་ཡོད། གཞན་ཡང་འདི་ལོར་འབྲུག་ས་མཚམས་བརྒྱུད་བོད་མི་བྲོས་བྱོལ་བ་གྲངས་ ༡༠ ཀ་སྦུག་ས་གནས་འགོ་འཛིན་ལས་ཁུངས་ནས་བདེ་སྲུང་ལས་ཁུངས་དང་རྡ་ས་དབུས་སྣེ་ལེན་ཁང་དུ་བཀའ་སྐོར་ཞུས་འབྲས་སུ་བལ་ཡུལ་སྣེ་ལེན་ཁང་དུ་རྩིས་སྤྲོད་དམ་དོན་ཞུས་པའི་འགྲོ་གྲོན་ཆ་ཚང་རྡ་ས་དབུས་སྣེ་ལེན་ཁང་ནས་གནང་སོན་བྱུང་བ་བཅས།།
ཀོ་ལེ་གྷལ་དོན་ལྡན་གླིང་ས་གནས་འགོ་འཛིན་ལས་ཁང་གི་ལོ་འཁོར་ལས་བསྡོམས།
༄༅། །འདི་གར་ཀོ་ལེ་གྷལ་དོན་ལྡན་གླིང་ས་གནས་འགོ་འཛིན་ལས་ཁང་ནས་བཏང་གནས་ནང་འཁོད་དོན། ས་གནས་འོས་བསྡུའི་ཚོགས་ཆུང་ནས་ས་གནས་རང་བདེན་ཚོགས་ཆུང་དང་ས་གནས་འཐུས་མི་ཚོགས་འདུ། ས་གནས་འོས་བསྡུཚོགས་ཆུང་གསུམ་གྱི་ཚོགས་མིའི་དུས་ཡུན་གཙང་འཕྲལ་སྐབས་བསྟུན་སོ་སོར་འོས་བསྡུའི་སྒྲིག་གཞིའི་དགོངས་དོན་ལྟར་ཚོགས་མི་གསར་འདེམས་ཞུས་ཡོད། ས་གནས་འགོ་འཛིན་ལས་ཁང་ནས་ས་གནས་སུ་ཞབས་རིམ་དང་གསུང་ཆོས་དོ་དམ་པའི་ཚོགས་མི་རྣམས་ཀྱང་དུས་ཐོག་གསར་འདེམས་ཞུས་ཡོད། དེ་བཞིན་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུའི་ཆེད་ས་གནས་འོས་བསྡུའི་ཚོགས་མི་གྲོང་སྡེ་རེ་རེར་ཆེད་བསྐྱོད་ཐོག་འོས་བསྡུའི་སྒྲིག་གཞིའི་དགོངས་དོན་ཁག་མང་ཚོགས་ལ་ངོ་སྤྲོད་ཞུས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ལ་ཤིང་སྣ་འདེབས་འཛུགས་དང་ཉ་སྲོག་བླུ། གཞས་སྣ་འཁྲབ་སྟོན་སོགས་ཀྱི་ལམ་ནས་སྲུང་བརྩི་གཟབ་རྒྱས་ཞུས་པ་མ་ཟད། ས་གནས་ཀྱི་གནད་ཡོད་མི་སྣ་ཁག་གཅིག་གདན་ཞུས་ཀྱིས་༸རྒྱལ་བའི་མཛད་འཕྲིན་སྐོར་ངོ་སྤྲོད་གསུང་བཤད། བཙན་བྱོལ་བོད་མིའི་མང་གཙོའི་གཞུང་དབུ་བརྙེས་ཏེ་ལོ་ ༥༠ འཁོར་བའི་དུས་ཆེན་དང་བསྟུན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་མང་གཙོ་དུས་ཆེན་ཉིན་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་མཚོན་ཆེད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་གཟེངས་རྟགས་འབུལ་ལམ་ཞུ་རྒྱུའི་ཐུགས་གཏན་འཁེལ་སྟབས་འདི་གའི་མང་ཚོགས་ནས་བློས་བཅད་ཞལ་འདེབས་ཧིན་སྒོར་ ༦༡,༤༣༨’༠༠བསྡུ་འབུལ་བྱུང་བ་རྣམས་སྤྱི་འཐུས་ལྷན་ཁང་དུ་ཕུལ་ཡོད། ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༩ ནས་ཉིན་གྲངས་གསུམ་རིང་སྤྱི་འཐུས་ངག་དབང་ལྷ་མོ་ལགས་དང་ཚེ་རིང་གཡུ་སྒྲོན་ལགས་གཉིས་གཞིས་ཆགས་སུ་ལྟ་སྐོར་ཕེབས་ཏེ། ཉིན་དང་པོ་ས་གནས་ན་གཞོན་ཁག་གཅིག་ལ་བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་ངོ་སྤྲོད་དང་བོད་སྤྱི་པའི་ལས་དོན་ཐོག་འགན་ཁུར་ཞུ་ཕྱོགས་སྐོར་གསུང་བཤད་གནང། དེ་བཞིན་ས་གནས་ཧིན་བོད་མཛའ་ཚོགས་ཀྱི་ཚོགས་མི་རྣམས་དང་ཐུག་འཕྲད་ཀྱིས་ཧིན་བོད་མཛའ་ཚོགས་ཀྱི་ལས་དོན་ཡར་རྒྱས་གཏོང་ཕྱོགས་ཐད་བསམ་ཚུལ་བརྗེ་ལེན་སོགས་ཀྱི་གོ་སྒྲིག་དང་སྣེ་ལེན་འཐུས་ཚང་ཞུས། ཕྱི་དྲིལ་ལས་ཁུངས་ནས་འོད་སྡེར་འབྱོར་བ་རྣམས་སྐབས་བསྟུན་སོ་སོར་བརྙན་འཕྲིན་ (Cable) བརྒྱུད་མང་ཚོགས་ལ་སྟོན་མུས་ཡིན། དེ་བཞིན་འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་གཉིས་ས་གནས་སུ་འོས་བསྡུ་དང་འབྲེལ་བའི་སྐོར་མང་ཚོགས་ལ་གསུང་བཤད་དང་། བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་གོ་སྒྲིག་ཐོག་བཙན་བྱོལ་བོད་གཞུང་མང་གཙོ་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་ཚིགས་དང་བསྟུན་བོད་ཀྱི་འདྲ་པར་ཁག་གཅིག་མང་ཚོགས་ལ་འགྲེམས་སྟོན་གནང་བར་ཕེབས་སྐབས་མཐུན་འགྱུར་གང་ཐུབ་ཞུས། དབུས་འོས་བསྡུ་ལས་ཁང་ནས་བཀའ་སྤྱི་གཉིས་ཀྱི་དངོས་གཞིའི་འོས་མི་ཁུངས་ཡོད་རྣམས་ཀྱི་ལོ་རྒྱུས་འབྱོར་བར་མང་ཚོགས་ཀྱི་ཤེས་རྟོགས་ཆེད་ཆོས་སྒར་དང་གྲོང་སྡེ་སོ་སོར་ངོ་བཤུས་ཆ་ཚང་ཕུལ་བ་མ་ཟད། མི་མང་འདུ་འཛོམས་ཐོག་ལའང་དེའི་སྐོར་གསལ་བསྒྲགས་དོ་ནན་ཞུས་ཡོད། བཀའ་ཁྲི་ཟམ་གདོང་རིན་པོ་མཆོག་བཀའ་ཤག་གི་ལས་ཡུན་གཙང་ཉེ་དང་བསྟུན་ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༢༦ ཉིན་བཀའ་ཁྲི་མཆོག་གིས་མང་ཚོགས་དང་སློབ་ཕྲུག་རྣམས་གསུང་བཤད་གནང་བར་ཕེབས་སྐབས་ས་འགོ་ནས་གོ་སྒྲིག་ཞུ་སྒོ་ཁག་ཆ་ཚང་ཞུས་པ་ཡིན། ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པ་རྣམ་རྒྱལ་ཚེ་སྐྱིད་ལགས་ཕྱི་ཟླ༌ ༣ ཚེས་ ༨ ཉིན་མང་ཚོགས་ལ་འཚམས་འདྲི་དང་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་སྐོར་གསུང་བཤད་གནང་བར་མཐུན་འགྱུར་ཆད་ལུས་མེད་པ་ཞུས། དེ་བཞིན་གསུམ་བཅུའི་དུས་དྲན་ཐེངས་ ༥༢ སྲུང་བརྩི་གཟབ་རྒྱས་ཞུས་པ་དང་ཆབས་ཅིག་དེ་ཉིན་༸གོང་ས་མཆོག་གི་གསུང་འཕྲིན་དང་བཀའ་སྤྱི་གཉིས་ཀྱི་གསུང་བཤད་རྣམས་མང་ཚོགས་ལ་སྒྲོགས་སྦྱང་ཞུས། ཕྱོགས་མཚུངས་ས་འཐུས་ཚོགས་གཙོ་དང་ས་གནས་འགོ་འཛིན། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་བཅས་ནས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་བ་སོགས་ལོ་འཁོར་གཅིག་གི་ལས་བསྡོམས་སྙིང་བསྡུས་སུ། །
ཀུ་ལུ་ས་གནས་འགོ་འཛིན་ལས་ ཁང་གི་ལོ་འཁོར་ལས་བསྡོམས།
༄༅། །འདི་གར་ཀུ་ལུ་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༢ ནས་ ༥ བར་ཉིན་གྲངས་བཞི་རིང་བོད་མི་མང་སྤྱི་འཐུས་ག་ཟི་ཚེ་རིང་པོ་ལགས་གཞུང་འབྲེལ་ ལྟ་སྐོར་དུ་ཕེབས་སྐབས་སྣེ་ལེན་གྱི་མཚོན་གོ་སྒྲིག་འཐུས་གཙང་ཞུས་ཡོད། ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༢ ཉིན་མང་གཙོའི་དུས་དྲན་ཉིན་མ་ན་ལི་དགེ་ལུགས་དགོན་པར་མང་ཚོགས་འདུ་འཛོམས་ཐོག་ ༸གོང་ས་མཆོག་གི་གསུང་འཕྲིན་དང། སྤྱི་འཐུས། བཀའ་ཤག་གཉིས་ཀྱི་གཏམ་བཤད་བཅས་སྒྲོགས་སྦྱང་ཞུས་ཡོད། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༠ གསུམ་བཅུའི་དུས་དྲན་ཉིན་ཀུ་ལུ་ཁུལ་གྱི་མི་མང་རྣམས་ཀྱིས་གཙོས་ཧིན་བོད་མཛའ་ འབྲེལ་ཚོགས་པའི་ཚོགས་གཙོ་དང་གཞན་རྒྱ་གར་གྱི་གནད་ཡོད་མི་སྣ་བཅས་གདན་ཞུས་ ཀྱིས་ཁོང་རྣམ་པས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་ཡོད། དེ་ནས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༢ ཉིན་ཀུ་ལུ་ས་གནས་ཀྱི་ཧིན་བོད་མཛའ་འབྲེལ་ཚོགས་པས་གོ་སྒྲིག་འོག་(Tibbat ki Mukti, Bharat ki Suraksha) ཞེས་པའི་ ཚོགས་འདུ་ཚོགས་སྐབས་རྒྱ་གར་ཆབ་སྲིད་ཀྱི་གནད་ཡོད་མི་སྣ་རྣམ་པས་དབུས་རྒྱ་གར་ གྱི་ཡུལ་མི་དང། ཀུ་ལུ་ཁུལ་བོད་རིགས་མི་མང་བཅས་མཉམ་ཞུགས་བྱས་ཡོད། ཕྱོགས་མཚུངས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༣ ཉིན་ཀུ་ལུ་ཁུལ་སློབ་གྲྭ་ཁག་གསུམ་ནས་རྒྱ་གར་སློབ་ཕྲུག་གྲངས་ ༦༠ ཙམ་ནས་བོད་དོན་དང་འབྲེལ་བའི་རི་མོ་འགྲན་བསྡུར་ཡང་གནང་ཐུབ་པ་བྱུང་ཡོད་པ་ བཅས།།
རྒྱ་གར་བྱང་ཕྱོགས་རཱ་ཇ་སྤུར་བོད་ཀྱི་མཉམ་ལས་བཟོ་གྲྭས་རྩ་དོན་དང་འབྲེལ་བའི་ལས་འགུལ་ཇི་སྤེལ་སྙིང་བསྡུས།
༄༅། །རཱ་ཇ་སྤུར་བོད་ཀྱི་བེུད་མཉམ་ལས་བཟོ་གྲྭ་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡ ཉིན་ནས་ལྡི་ལིར་བཀའ་སྤྱི་གཉིས་ཀྱི་འོས་བསྡུ་དང་འབྲེལ་བའི་ཟབ་སྦྱོང་དུ་སྐུ་ཚབ་བཅར་ཏེ་ས་གནས་སུ་འོས་བསྡུའི་སྒྲིག་གཞིའི་སྐོར་ལ་འགན་འཛིན་ལས་རོགས་རྣམ་པར་འགྲེལ་བརྗོད་ཞིབ་རྒྱས་ཞུས། ཚེས་ ༡༣ ཉིན་འོས་བསྡུའི་ཚོགས་མི་གསར་འདེམས་ལྟར་གཞིས་གསར་ཚེ་རིང་དོན་ལྡན་དང་མཉམ་ལས་ཁ་ཐོར་མི་མང་ཐུན་མོང་ནས་སོ་སོའི་ཆོལ་ཁའི་ཚོགས་མི་དང་ཟུར་དཔང་འོས་འདེམས་ལས་རིམ་ལེགས་གྲུབ་ཞུས་ཏེ་ཐོ་གཞུང་དུས་ཐོག་ཕུལ། ཕྱི་ཟླ་ ༧ ཚེས་ ༢༠ ནས་ཚེ་རིང་དོན་ལྡན་གླིང་གཞིས་ཆགས་སུ་དུས་ཡུན་ཟླ་གཅིག་ཙམ་འོས་འཕེན་པའི་དེབ་འགོད་བསྐྱར་ཞིབ་སྣོན་འཕྲི་དང་མ་དེབ་ཐོབ་ཁུངས་སོ་སོའི་འོས་འཕེན་གྲངས་ཐོ་བཅས་ས་གནས་ལས་ཁང་དུ་ཕུལ།
ཕྱི་ཟླ་ ༩ ཚེས་ ༢༩ ནས་ཉིན་གཉིས་རིང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཟབ་ཁྲིད་ལྟར་སྡེ་ལྡུན་ཉེ་འགྲམ་གཞིས་ཆགས་ཁག་གི་འོས་བསྡུའི་ཚོགས་མི་དང་ཟུར་དཔང་རྣམས་ལ་མང་གཙོའི་འཕེལ་རིམ་དང་འོས་བསྡུའི་སྒྲིག་གཞིའི་སྐོར་གོ་རྟོགས་སྤེལ་བའི་མཐུན་འགྱུར་ཞུས།
ཕྱི་ཟླ་ ༡༠ ཚེས་ ༡ ཉིན་ནས་གཉིས་རིང་ས་གནས་འོས་བསྡུའི་ཁྱབ་ཁོངས་སུ་ཡོད་པའི་མཉམ་ལས་བཟོ་གྲྭ་དང་། སློབ་གྲྭ ཚེ་རིང་དོན་ལྡན་གཞིས་གསར་དང་། ཁ་ཐོར་མི་མང་བཅས་སོ་སོར་ཆེད་བཅར་གྱིས་བཀའ་སྤྱི་སྔོན་འགྲོའི་འོས་བསྡུའི་ལས་རིམ་གསལ་བསྒྲགས་དང་འོས་མི་ཚད་ལྡན། འོས་ཤོག་རྩིས་མེད་མི་འགྲོ་བའི་ཐུགས་སྣང་དང་འོས་འཕེན་ངེས་པར་དགོས་པའི་འབོད་སྐུལ་ཞུས། ཚེས་ ༣ ཉིན་རཱ་སྤུར་ཁྱབ་ཁོངས་དེབ་འགོད་ཟིན་པའི་འོས་འཕེན་པ་རྣམས་ནས་མཉམ་ལས་བཟོ་གྲྭ་དང། ཚེ་རིང་དོན་ལྡན་གཞིས་གསར་ཚོགས་ཁང་དུ་མི་མང་སུད་ཚོང་དུ་ཐོན་ཟིན་པ་ཕུད་ས་གནས་སུ་ཡོད་པ་རྣམས་ཀྱི་ཐུགས་སྣང་ཆེན་པོས་འོས་འཕེན་གནང་ཡོད། ཚེས་ ༤ ཉིན་འོས་བསྡུའི་འགན་འཛིན་ལས་རོགས་དང་། ཚོགས་མི། ཟུར་དཔང་བཅས་གྱིས་འོས་ཤོག་གྲངས་བཤེར་ཞུས་ཏེ་སྤྱི་ཡོངས་སྡེ་སྡུན་ས་གནས་འོས་བསྡུའི་བརྒྱ་ ༦༡ བརྒལ་བ་འོས་འཕེན་གྱི་དུས་ཡུན་འཕར་མའི་དེབ་སྐྱེལ་གོ་སྐབས་གནང་བར་མི་གྲངས་ ༤༩ ཡང་བསྐྱར་དེབ་སྐྱེལ་ཞུ་ཐུབ་ཡོད།
ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༤ ཉིན་ས་གནས་འོས་བསྡུའི་ཁྱབ་ཁོངས་གཞིས་ཆགས་སྡེ་ཚན་ཁག་ཁུངས་སོ་སོའི་མི་མང་ལ་དངོས་གཞིའི་འོས་བསྡུ་དང་འབྲེལ་བའི་ཐུགས་སྣང་ཐོག་འོས་འཕེན་ངེས་པར་གྱི་རྩིས་མེད་མི་འགྲོ་བའི་ཆེད་ལམ་སྟོན་གསལ་བསྒྲགས་ཞུས། ཚེས་ ༡༩ ཉིན་ Ms. Helen Weipts, Asst. Vice President, Human Right & Democracy Deptt. European Parliament. བཟོ་ཚོགས་སུ་འཚམས་གཟིགས་སྐབས་ཕེབས་བསུ་དང་། བཟོ་ཚོགས་གནས་སྟངས་དང་ལས་གཞི་དཀའ་ངལ་ཇི་ཡོད་ཡིག་ངག་གཉིས་ཐོག་ནས་འགྲེལ་བརྗོད་ཀྱི་བཟོ་ཚོགས་འདིའི་འགན་འཐུས་རྣམས་ཀྱང་མི་མང་གི་འོས་འདེམས་ལམ་ནས་བསྐོ་གཞག་དང་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་གོ་སྒྲིག་གནད་དོན་ཐོག་མང་གཙོ་ཚད་ལྡན་བསྐྱོད་པར་གདེང་འཇོག་གནང། ཚེས་ ༢༠ ཉིན་བཀའ་སྤྱི་གཉིས་ཀྱི་དངོས་གཞི་འོས་བསྡུ་ཆེན་མོའི་ལས་རིམ་བདེ་འཇགས་ངང་སྒྲུབ་ཡོད། ཚེས་ ༢༡ ཉིན་བདེ་གླིང་ཚོགས་ཁང་དུ་འོས་བསྡུའི་ཁྱབ་ཁོངས་སྡེ་ཚན་ཚང་མའི་འོས་ཤོག་གྲངས་བཤེར་སྐབས་ཚོགས་མི་དང་ཟུར་དཔང་རྣམས་ཆ་ཚང་ངོ་བཅར་ཞུས། འདི་གའི་ཁྱབ་ཁོངས་མཉམ་ལས་དང་ཚེ་རིང་དོན་ལྡན་གཉིས་ནས་འོས་འཕེན་དེབ་འགོད་གནང་བ་མི་གྲངས། ༧༡༡ ནས་དོངས་གཞི་སྐབས་ ༥༣༨ ནས་འོས་འཕེན་བརྒྱ་ཆ་ ༧༥.༦༧ དང་སྤྱི་ཡོངས་སྡེ་ལྡུན་གྱི་བརྒྱ་ཆ་ ༦༥.༥ བརྒལ་བའི་གྲུབ་འབྲས་ཐོན་ཡོད།
ཀ། གདུང་སེམས་མཉམ་སྐྱེ་ལས་འགུལ་སྤེལ་བ།
ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༤ ཉིན་བོད་མདོ་ཁམས་སྒ་སྐྱེ་རྒུ་མདོར་ས་ཡོམ་གྱི་གནོད་འཚེ་བྱུང་བའི་གནས་ཚུལ་ཐོས་འཕྲལ་ཚེས་ ༡༥ ཉིན་འདི་གའི་ཁྱབ་ཁོངས་དང་ཁ་ཐོར་མི་མང་འདུ་ཚོགས་ཀྱིས་མྱ་ངན་གུས་འདུད་དང་མ་ཎི་དང་བཛྲ་གུ་རུ་བདེན་ཚིག་སྨོན་ལམ་བཅས་གསོག་སྒྲུབ་དང། ཕྱི་ཟླ་ ༥ ཚེས་ ༤ ཉིན་མཉམ་ལས་བཟོ་གྲྭའི་མདུན་ཐང་དུ་མི་མང་གྲངས་ ༡༦༠ བརྒལ་བ་ལྷན་འཛོམས་ཐོག་བཟོ་འགོ་ལགས་ཀྱིས་བཀའ་ཤག་གི་གལ་ཆེའི་འབོད་སྐུལ་གསལ་བསྒྲགས་སྙན་སྒྲོན་དང་སྦྲགས་ཆུ་ཚོད་ ༧།༤༥ ཐོག་སྐར་མ་གཅིག་རིང་མྱ་ངན་གུས་འདུད་ཞུས་རྗེས་བདེན་ཚིག་སྨོན་ལམ་དང། ལས་སྣེ་རྣམས་ནས་མཆོད་མེ་བརྒྱ་མཆོད་མ་ཎི་བྱང་ཆུབ་སེམས་མཆོག་རྒྱ་གང་ཆེ་གསོག་སྒྲུབ་དང་། བོད་སྐྱེ་རྒུ་མདོར་ས་ཡོམ་དང་མདོ་སྨད་འབྲུག་ཆུ་ཁུལ། ལ་དྭགས་སླེ་བཅས་ལ་ཆུའི་འཇིག་པས་སྲོག་སྐྱོན་བྱུང་བ་རྣམས་ལ་གདུང་སེམས་མཉམ་སྐྱེ་ཆེད་སྨོན་ལམ་དང་མ་ཎི་གསོག་སྒྲུབ་མང་ཚོགས་ནས་ཞལ་འདེབས་བསྡུ་རུབ་ཀྱི་ས་གནས་འགོ་འཛིན་བརྒྱུད་འབུལ་ལམ་ཞུས།
ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༡ ཉིན་རཱ་ཇ་སྤུར་མཉམ་ལས་འགོ་མང་འདུ་འཛོམས་ཀྱི་ཉི་ཧོང་དུ་ས་ཡོམ་གྱི་རྐྱེན་པས་མི་མང་ཁྲི་ཚོ་མང་པོ་སྲོག་སྐྱོན་དང་རྨས་སྐྱོན་སྡོད་ཁང་རྩ་མེད་སོང་བ་སོགས་ཀྱི་དཀའ་སྡུག་ཚད་མེད་མྱོང་བཞིན་པ་དང་། བོད་ཨ་མདོ་ཀིརྟི་དགོན་གྱི་དགེ་འདུན་པ་ཕུན་ཚོགས་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་དོན་དུ་རང་ལུས་མེར་སྲེག་བཏང་བ་བཅས་ལ་གདུང་སེམས་མཉམ་སྐྱེའི་སྨོན་ལམ་དང་མ་ཎི་གསོག་སྒྲུབ་ཞུས།
ཁ ཆབ་སྲིད་ལམ་སྟོན་དང་གོ་རྟོགས་སྤེལ་བ།
ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༥ ཉིན་རཱ་ཇ་སྤུར་བུད་མེད་མཉམ་ལས་བཟོ་གྲྭའི་མང་ཚོགས་ལ་བྱང་ཕྱོགས་ས་གནས་ཁྲིམས་ཞིབ་པ་སྐུ་ངོ་ཚེ་རིང་ནོར་པ་མཆོག་ནས་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དང་འབྲེལ་བའི་གོ་རྟོགས་སྤེལ་ཏེ་དྲི་བར་ལན་འདེབས་དང་ཁྲིམས་ལུགས་ཁྲིམས་གཏུགས་བྱ་ཡུལ་ཡོད་པ་མང་ཚོགས་ནས་ཤེས་དགོས་པ་གལ་ཆེ་སྐོར་གསུང་ཡོད།
ཕྱི་ཟླ་ ༧ ཚེས་ ༡༤ ཉིན་ས་གནས་སུ་བོད་མི་མང་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ནས་བོད་ནང་ཛ་དྲག་འབྱུང་རྐྱེན་དང་། རང་སྲིད་རང་སྐྱོང་དགོས་འདུན་ཡིག་ཆའི་སྐོར། རྒྱལ་སྤྱིའི་ནང་བོད་དོན་གནས་སྟངས། སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་འདུའི་གནས་ཚུལ་དང་གྲོས་ཆོད་སྐོར། བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་སྐོར་བཅས་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་ཡོད། ཚེས་ ༡༦ ཉིན་ས་གནས་མང་ཚོགས་ལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འཇམ་དཔལ་སྨོན་ལམ་ལགས་དང་ཕྱག་རོགས་ཟླ་བ་ཚེ་རིང་ལགས་གཉིས་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནས་སྟངས་ཇི་ཆགས། བཀའ་སྤྱི་གཉིས་ཀྱི་འོས་བསྡུ་སྐབས་ཐུགས་འགན་བཞེས་དགོས་སོགས་སྐོར་དང་། འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་འོས་བསྡུ་དང་འབྲེལ་བའི་སྦྱར་ཡིག་འགྲེམས་སྤེལ་བ་བཅས་ཀྱི་མང་ཚོགས་ལ་ཆབ་སྲིད་གོ་རྟོགས་ཐད་ཕན་ཐོགས་བྱུང་ཡོད།
ཚེས་ ༣༡ ཉིན་སེར་བྱེས་དགེ་བཤེས་བློ་བཟང་ལགས་ཀྱིས་མང་ཚོགས་ལ་༸གོང་ས་སྐུ་ཕྲེང་བཅུ་གསུམ་ཆེན་པོ་མཆོག་གི་ཆུ་སྤྲེལ་ཞལ་གདམས་དང་། དབུ་མའི་ལམ། བོད་རྒྱའི་དཀའ་རྙོག་བཅས་གོ་རྟོགས་སྤེལ་གནང་ཡོད།
ཕྱི་ཟླ་ ༩ ཚེས་ ༢༢ ཉིན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་འདི་ཁུལ་མཉམ་ལས་བཟོ་གྲྭ་དང་ཁ་ཐོར་མི་མང་། བོད་ཁྱིམ་དགེ་ལས་བཅས་ལ་བོད་ཁྱིམ་ཚོགས་ཁང་དུ་གསུང་བཤད་དང་དྲི་བར་ལན་འདེབས་གནང་རྗེས་རཱ་སྤུར་ཁུལ་གནད་ཡོད་ལས་སྣེ་ཡོངས་དང་བཞུགས་མོལ་ཚོགས་འདུར་གསུང་བཤད་དང་དྲི་བ་དྲི་ལན་ཡང་གནང་ཡོད།
ཕྱི་ཟླ་ ༥ ཚེས་ ༢༦ ཉིན་ནས་རྒྱ་གར་གཞུང་གི་མི་འབོར་ཞིབ་བཤེར་ལས་བྱེད་དང་མཉམ་བསྐྱོད་ཀྱི་རང་གཞུང་ལམ་སྟོན་ལྟར་ས་ཁུལ་ཁྱབ་ཁོངས་མི་མང་ཆད་ལྷག་མེད་པ་མི་འཁོད་ཟླ་ཕྱེད་བར་མཐུན་འགྱུར་ཞུས།
རང་གཞུང་གི་དུས་ཐོག་ལམ་སྟོན་ཕེབས་གསལ་བཞིན་ཁྱབ་ཁོངས་མང་ཚོགས་འདུ་འཛོམས་སྐབས་ཡུལ་མི་དང་མཐུན་སྒྲིལ། ཡུལ་མིའི་ཕྲུ་གུ་གཡོག་ཉར་མི་ཆོག་པ། མི་མཐུན་ངན་སྐུལ་རིགས་ལ་དོགས་ཟོན་དང་། དྲན་སྐུལ་དང་འབོད་སྐུལ་རིམ་པ་ཞུ་བཞིན་པ་དང་། དེ་བཞིན་ཕྱི་དྲིལ་ལས་ཁུངས་ནས་འགྲེམས་སྤེལ་ཞུ་བའི་འཁོར་ལེབ་དང་། རང་དབང་གསར་ཤོག ཤེས་བྱ་དུས་དེབ་མང་ཚོགས་ལ་འགྲེམས་སྤེལ་གྱི་ཕན་ཐོགས་ཆེན་པོ་འདུག
གཞུང་འབྲེལ་དུས་དྲན་སྲུང་བརྩི།
ཕྱི་ཟླ་ ༧ ཚེས་ ༦ ཉིན་༸གོང་ས་མཆོག་གི་སྐུའི་འཁྲུང་སྐར་དུས་ཆེན་ཁྱད་པར་ཅན་ལ་ས་ཁུལ་བོད་མི་ཡོངས་རྫོགས་མཉམ་འཛོམས་ཀྱི་སྲུང་བརྩི་སྐབས་མཉམ་ལས་ནས་གོ་སྒྲིག་མཐུན་འགྱུར་དང་མཛད་སྒོར་མི་མང་གང་མང་ལ་ལས་དོན་མཉམ་རུབ་ཀྱི་དགུང་གྲངས་ལྟར་སྐུ་ཁམས་དང་མཐུན་པའི་སྐུའི་རླུང་དར་འཛུགས་ཞུས།
ཕྱི་ཟླ་ ༩ ཚེས་ ༢ ཉིན་མང་གཙོ་དབུ་བརྙེས་པའི་དུས་དྲན་ལ་མཉམ་ལས་བཟོ་གྲྭའི་ནང་སེར་སྐྱ་མི་མང་འདུ་ཚོགས་ཀྱི་སྐུ་མགྲོན་གཙོ་བོ་བྱང་ཕྱོགས་ཁྲིམས་ཞིབ་པ་མཆོག་གི་དབུས་མི་མང་རྣམས་ཀྱི་བསང་གསོལ་ཟབ་རྒྱས་དང་། བཀའ་སྤྱི་གཉིས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་། དུས་ཆེན་དང་འབྲེལ་བའི་གསུང་བཤད་ས་གནས་འོས་བསྡུའི་ལས་བྱེད་རྣམས་ལ་དབུས་སྤྱི་ཁྱབ་འོས་བསྡུ་ལས་ཁང་ནས་གནང་བའི་ཕྱག་འཁྱེར་སྤྲད་དེ་རྟེན་མཚོན་བོད་ཁྱིམ་སློབ་ཕྲུག་རྣམས་ནས་རིག་གཞུང་འཁྲབ་སྟོན་ཞུས།
ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་བཟོ་གྲྭའི་མདུན་ཐང་དུ་ཁྱབ་ཁོངས་མི་མང་བསང་གསོལ་གཟབ་རྒྱས་དང་། དུས་དྲན་ངོ་སྤྲོད་། བཀའ་སྤྱི་གཉིས་ཀྱི་གསུང་བཤད་མང་ཚོགས་ལ་སྒྲོགས་སྦྱང་ཞུས། གསུམ་བཅུའི་དུས་དྲན་་ས་གནས་འགོ་འཛིན་ལས་ཁང་དང་། རང་བདེན་ཚོགས་ཆུང་ཁག་གི་གོ་སྒྲིག་ཐོག་སྡེ་ལྡུན་གྷན་རྡིའི་སྐྱེད་ཚལ་དུ་མི་མང་འདུ་འཛོམས་ཀྱིས་མཛད་སྒོ་དང་རྔམ་སྟོན་ཁྲོམ་སྐོར་བཅས་ལ་འདི་གའི་འགོ་ལས་མི་མང་རྣམས་མཉམ་ཞུགས་གནང་ཡོད།
བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ།
ཕྱི་ལོ་ ༢༠༡༠ ཟླ་ ༨ ནང་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ལྷོ་ཕྱོགས་སུ་ཚུགས་རྒྱུའི་གསལ་བསྒྲགས་དང་གྲོས་གཞི་ཁག་ས་གནས་རང་བདེན་ཚོགས་ཆུང་བརྒྱུད་གནང་སོན་ལྟར་རང་བདེན་ཚོགས་མི་དང་རཱ་སྤུར་བཟོ་གྲྭའི་འགན་འཐུས་དང་ལས་བྱེད་། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག མི་མང་གི་འཐུས་མི་ལྷན་འཛོམས་ཀྱིས་གྲོས་གཞི་ཁག་རེར་གོ་བསྡུར་གྱིས་ས་གནས་མང་ཚོགས་ཀྱི་བསམ་ཚུལ་མཚོན་པའི་ཚིག་ཐོ་ཚོགས་བཅར་བས་ཚོགས་ཆུང་ཁག་ལ་བགོས་འགྲེམས་ཐུབ་པ་དང་། དེ་རྗེས་ཚོགས་ཆེན་མཇུག་སྒྲིལ་བསྟུན་ཚོགས་ཆེན་གྱི་དབུ་མཇུག་མཛད་སྒོའི་བརྙན་འཕྲིན་ཁྱབ་ཁོངས་མང་ཚོགས་ལ་སྟོན་པ་དང་གྲོས་ཆོས་འབྲེལ་ཆགས་ལྷན་ཁང་ཁག་ལ་མཇུག་སྐྱོང་ཆེད་འབུལ་བའི་ངོ་བཤུས་མང་ཚོགས་ལ་སྒྲོགས་སྦྱང་ཞུས།
ཕྱི་ཟླ་ ༩ ཚེས་ ༢ ཉིན་བཙན་བྱོལ་བོད་གཞུང་མང་གཙོ་དབུ་བརྙེས་ཏེ་ལོ་ ༥༠ འཁོར་བའི་དུས་དྲན་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༸གོང་ས་མཆོག་ལ་རྗེས་དྲན་གསེར་གྱི་གཟེངས་རྟགས་འབུལ་ཆེད་འདི་གའི་མང་ཚོགས་ནས་ཞལ་འདེབས་སྒོར ༤༡༤༠།༠༠ ས་གནས་འགོ་འཛིན་བརྒྱུད་འབུལ་ལམ་ཞུས་པ་ལས་བསྡོམས་སྙིང་བསྡུས་སུ།
ཤི་ལོངས་ས་གནས་འགོ་འཛིན་ལས་ཁང་གི་ལོ་འཁོར་ལས་བསྡོམས།
༄༅། །འདི་གར་ཤི་ལོངས་ས་གནས་འགོ་འཛིན་ནས་བཏང་གནས་ནང་འཁོད་དོན། ༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་དང། མང་གཙོའི་དུས་ཆེན་དང། འཛམ་གླིང་ཞི་བདེའི་ཉིན་མོ། བོད་མིའི་རང་དབང་སྒེར་ལངས་དུས་དྲན་བཅས་ཀྱི་སྐབས་དུས་སོ་སོར་གསུང་འཕྲིན་ཁག་གི་ངོ་བཤུས་གང་མང་བཟོས་ཏེ་མང་ཚོགས་ལ་འགྲེམས་སྤེལ་ཞུས་ཡོད་པ་མ་ཟད། རང་གཞུང་གི་གསར་ཤོག་དང་བོད་དབྱིན་དུས་དེབ་ཁག་མང་ཚོགས་དང་། ལས་ཁུངས་། སློབ་ཕྲུག་ཚོགས་པ་བཅས་ལ་གང་ཐུབ་འགྲེམས་སྤེལ་ཞུས་དང་ཞུ་བཞིན་ཡོད། དེ་བཞིན་རང་གཞུང་གི་འོད་སྡེར་དེ་དག་ཁ་ཐོར་བོད་མི་དོ་སྣང་ཡོད་མཁན་གྱི་ཁྱིམ་ཚང་ཚོར་ལྟ་རྒྱུར་གཡར་པོ་ཞུ་མུས་ཡིན། གཞན་ཡང་༸གོང་ས་མཆོག་ཕྱི་ལུགས་དགུང་གྲངས་ ༧༥ ཕེབས་པའི་སྐུའི་འཁྲུངས་ཚེས་ནས་ལོ་འཁོར་གཅིག་རིང་དུས་སྟོན་སྲུང་བརྩི་ཞུ་རྒྱུའི་ལས་རིམ་དང། ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༢ ཉིན་བོད་གཞུང་མང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་སླད་ཤི་ལོངས་ས་གནས་ཀྱི་ཁྱིམ་ཚང་ ༨༣ གྱི་མི་གྲངས་ ༢༣༠ ནས་སྐུའི་འཁྲུངས་སྐར་དུས་སྟོན་གོ་སྒྲིག་ཚོགས་ཆུང་ལ་འགེངས་ཤོག་ས་རྟགས་འཁོད་པ་འབུལ་ལམ་ཞུས་ཡོད། ཕྱོགས་མཚུངས་ཤི་ལོངས་ས་གནས་འགོ་འཛིན་ལས་ཁང་དུ་དབུས་ནས་གསལ་བསྒྲགས་དང་ལམ་སྟོན་ཇི་འབྱོར་དེ་དག་མང་ཚོགས་ལ་གསལ་བཤད་དང་གསལ་བསྒྲགས་ཞུས་དང་ཞུ་མུས་ཡིན་པ་བཅས།།
སིམ་ལ་དབྱངས་ཅན་དགའ་ཚལ་གླིང་།
༄༅། །འདི་གར་སིམ་ལ་ས་གནས་འགོ་འཛིན་ལས་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༦ ཉིན་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྔ་དྲོ་ཆུ་ཚོད་ ༩ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྐུ་ཞབས་(Suresh Bhardwaj,MLA)མཆོག་དང་རྒྱ་གར་གྱི་དཔོན་རིགས་ཁག་གཅིག་དེ་བཞིན་རྒྱུན་གཏན་འབྲེལ་གཏུགས་བྱ་ཡུལ་རྒྱ་གར་ལས་ཁུངས་ཁག་གི་ལས་བྱེད་རྣམས་གདན་ཞུས་ཐོག་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་བཞིན་བོད་མིའི་སྡོད་སྒར་ཁག་ཏུ་བོད་མི་རྣམས་ལ་ཆབ་སྲིད་ཀྱི་གོ་རྟོགས་གོང་འཕེལ་དང་བོད་དོན་གནས་ཚུལ་སོགས་ཀྱི་འོད་སྡེར་འབྲེལ་ཡོད་ལས་ཁུངས་ནས་འབྱོར་མཚམས་ས་གནས་གཞོན་ནུའི་བརྙན་འཕྲིན་(Cable)བརྒྱུད་ཁྱབ་ཁོངས་མང་ཚོགས་ལ་སྟོན་བཞིན་ཡོད་པ་མ་ཟད། འོད་སྡེར་ཁག་མང་ཚོགས་ལ་གཡར་པོ་ཡང་ཞུ་མུས་ཡིན། ས་གནས་གཞོན་ནུ་དང་བུད་མེད་གཉིས་ནས་གོ་སྒྲིག་འོག་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོར་ཆེད་བཅར་ཞུས་ཡོད། ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༢ ཉིན་རང་གཞུང་མང་གཙོའི་ལམ་སྲོལ་གཏོད་པའི་གཞུང་འབྲེལ་དུས་ཆེན་སྲུང་བརྩི་ཞུས་དང་ཞུ་མུས་ཡིན་པ་ལྟར། ས་གནས་འགོ་འཛིན་གྱིས་བཙན་བྱོལ་དུ་མང་གཙོའི་འཕེལ་རིམ་སྐོར་ལ་མང་ཚོགས་ཀྱི་ཆ་ཤས་ལེན་སྟངས་ལམ་སྟོན་གསུང་བཤད་དང། དཔལ་ལྡན་བོད་གཞུང་བཀའ་ཤག་གི་གཏམ་བཤད་མང་ཚོགས་ལ་སྒྲོགས་སྦྱང་ཞུས་ཡོད་པ་བཅས་ལོ་འཁོར་གཅིག་གི་ལས་བསྡོམས་སྙིང་བསྡུས་སུ། །
ཀུམ་རའོ་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལོ་འཁོར་གཅིག་རིང་ཆབ་སྲིད་དང་འབྲེལ་བའི་ལས་དོན་ཇི་སྤེལ་སྙིང་བསྡུས།
༄༅། །འདི་གར་ཀུམ་རའོ་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རང་གཞུང་ཕྱི་དྲིལ་ལས་ཁུངས་ནས་བོད་དོན་དང་འབྲེལ་བའི་འོད་སྡེར་ཇི་འབྱོར་མང་ཚོགས་ལ་རིམ་པ་བཞིན་གཡར་ཏེ་བལྟ་རྒྱུའི་གོ་སྐབས་སྤྲད་དང་སྤྲོད་བཞིན་ཡོད། བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་ལངས་ཕྱོགས་གཉིས་སྨན་དབུ་མའི་ལམ་ལ་གཞིས་མི་ཡོངས་ནས་ཡིད་ཆེས་དམ་འཛིན་ཞུ་བཞིན་ཡོད་ལ། གཞིས་ལས་ཁང་གི་ངོས་ནས་ཀྱང་མང་ཚོགས་འདུ་འཛོམས་ནམ་བྱུང་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་མང་ཚོགས་ཁྲོད་གང་ཐུབ་གོ་རྟོགས་སྤེལ་བཞིན་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༧༥ ཕེབས་པའི་སྐུའི་འཁྲུངས་ཚེས་ཉིན་ཆོས་ཕྱོགས་ཀྱི་མཛད་སྒོ་ཚོགས་ཡོད་པ་དང། དེ་ཉིན་ཀུམ་རའོ་ས་གནས་ཀྱི་གྲོང་སྡེ་སྤྱི་ཁྱབ་སྐུ་མགྲོན་གཙོ་བོར་གདན་འདྲེན་ཞུས་ཡོད་པ་མ་ཟད། གཞན་ཡང་རྒྱ་གར་གནད་ཡོད་མི་སྣ་གྲངས་ ༢༠ ལྷག་མགྲོན་འབོད་ལྟར་ཆེད་ཕེབས་གནང་ཡོད། སྐབས་དེར་ཀུམ་རའི་ས་གནས་འགོ་འཛིན་གྱིས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་གནང་བ་དང་ཆབས་ཅིག་མགོན་པོ་གང་ཉིད་མཆོག་གི་མཛད་འཕྲིན་སྐོར་གསུང་བཤད་གནང་ཡོད། དེ་བཞིན་ལོ་དེའི་འཁྲུངས་ཚེས་ནས་བཟུང་ལོ་འཁོར་མོ་གཅིག་རིང་རྣམ་དཀར་ཀྱི་ལས་འཆར་མི་ཉུང་བ་ཞིག་སྤེལ་ཡོད། ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༢ ཉིན་མང་གཙོ་དབུ་བརྙེས་ནས་མི་ལོ་ ༥༠ འཁོར་བའི་དུས་ཚིགས་ཉིན་ས་གནས་སེར་སྐྱ་མི་མང་ཚང་འཛོམས་ཀྱིས་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་ལ་བསངས་གསོལ་གྲུབ་རྗེས་མཛད་སྒོ་དངོས་གཞི་དབུ་འཛུགས་གནང། སྐབས་དེར་ས་གནས་རྩིས་དྲུང་དང་ས་འཐུས་ཚོགས་གཞོན་རྣམ་གཉིས་ཀྱིས་བཀའ་ཤག་དང་སྤྱི་འཐུས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་གྲུབ་བསྟུན་རང་བདེན་ཚོགས་ཆུང་གི་ཚོགས་གཙོས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད། དེ་ནས་ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༠ ཉིན་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཉིན་གྱི་མཛད་སྒོར་ཐོག་མར་བསངས་གསོལ་དང་། རྒྱལ་བའི་སྐུ་ཕྱྭའི་སླད་སྒྲོལ་མ་དང་རྒྱལ་བའི་ཞབས་བརྟན་གསོག་སྒྲུབ་ཞུས་ཡོད། དེ་བཞིན་མཛད་སྒོར་མང་ཚོགས་ལ་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ཀྱི་གསུང་བཤད་སྒྲོགས་སྦྱང་ཞུས། ཕྱོགས་མཚུངས་གསུམ་བཅུའི་དུས་དྲན་ཉིན་ལོ་ལྟར་སྤོན་ཊ་གྲོང་ཁྱེར་སིར་མོར་རྫོང་ཁོངས་བོད་མིའི་གཞིས་ཆགས་ཁག་བཞིའི་མི་མང་དང་སྤོན་ཊ་གཏན་སློབ་ཀྱི་དགེ་ལས་སློབ་ཕྲུག་རྣམས་ནས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་རྒྱ་གང་ཆེ་ཞུས་ཡོད་པ་མ་ཟད། གསར་འགོད་བརྒྱུད་ལམ་འདྲ་མིན་ནང་གསལ་བསྒྲགས་བྱེད་ཐུབ་པ་བྱུང་ཡོད་པ་བཅས།།
བལ་ཡུལ་མཆོད་འཇོར་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ཀྱིས་ཕྱི་དྲིལ་དང་འབྲེལ་བའི་ལས་འགུལ་ཇི་སྤེལ་སྙིང་བསྡུས།
༄༅། །འདི་གར་བལ་ཡུལ་མཆོད་འཇོར་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༡༠ ཉིན་བལ་ཡུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཛག་རི་ཏི་མ་མཱ་ཇི་ནེ་པལ་ཞེས་པའི་ཚན་པ་ནས་སྤྱི་ཚོགས་ནང་གཟེངས་སུ་ཐོན་པའི་མི་སྣ་གྲངས་ ༡༧ ལ་གཟེངས་བསྟོད་གནང་བའི་ནང་མཆོད་འཇོར་ས་གནས་འགོ་འཛིན་ཤོང་ནུབ་ཚེ་རིང་དོན་གྲུབ་ལགས་སུ་བལ་ཡུལ་བོད་མི་སྐྱབས་བཅོལ་བའི་སྤྱི་ཚོགས་ལ་ཞབས་འདེགས་ལེགས་པོ་བསྒྲུབས་པའི་བྱ་དགའ་ཐོབ་ཡོད། སྐབས་དེར་མཆོད་འཇོར་ས་གནས་འཛིན་གྱིས་བལ་ཡུལ་གྱི་གལ་ཆེའི་མི་སྣ་མང་དག་ཅིག་ཕེབས་ཡོད་པ་ཚོར་བལ་ཡུལ་གཞུང་དང་མི་མང་ནས་སྐྱབས་བཅོལ་བོད་མི་རྣམས་ལ་ལོ་ངོ་ ༥༠ རིང་གནས་ཚང་གཡར་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། བོད་མི་ཚོར་བལ་ཡུལ་ནང་འཕྲད་བཞིན་པའི་དཀའ་ངལ་དེ་དག་སེལ་རྒྱུར་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད། དེ་ནས་ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༢༥ ཉིན་མཆོད་འཇོར་སེར་སྐྱ་མི་མང་རྣམས་ལ་འོས་བསྡུའི་སྒྲིག་གཞི་སྐོར་གསལ་བཤད་དང་དོགས་དྲི་ཇི་ཡོད་དེ་དག་ཁ་གསལ་བཟོས་ཡོད། ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༡༣ ཉིན་བལ་ཡུལ་དོན་ཁང་གི་དྲུང་ཆེ་དང། འཇོ་ཁེལ་ས་གནས་འགོ་འཛིན། མཆོད་འཇོར་ས་གནས་འགོ་འཛིན་བཅས་ཀྱིས་རྒྱ་གར་ནས་ཆེད་མངགས་བཏང་བའི་གལ་ཆེའི་མི་སྣ་ཨ་ནིལ་གྷུཔ་ཏཱ་(Anil Gupta) ལགས་དང་ལྷན་མཇལ་འཕྲད་ཀྱིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བའི་དཀའ་ངལ་ཇི་འཕྲད་སྐོར་སྙན་སེང་ཞུས་ཡོད་པ་མ་ཟད། ཁོང་དང་ལྷན་བལ་ཡུལ་གྱི་སྲིད་འཛིན་མཆོག་ཐུག་འཕྲད་བྱེད་རྒྱུའི་གོ་སྐབས་ཐོབ་ཡོད་ཀྱང་སྲིད་བློན་མཆོག་དང་ལྷན་ཐུག་འཕྲད་བྱུང་མེད། བོད་མིའི་མང་གཙོའི་དུས་ཆེན་དང། ༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་དུས་ཆེན། གསུམ་བཅུའི་དུས་དྲན་སོགས་དུས་ཆེན་ཁག་སྲུང་བརྩི་ཞུ་སླད་ས་གནས་ཉེན་རྟོག་པར་བཀའ་འཁྲོལ་ཞུས་ཏེ་མཛད་སྒོ་ཁག་སྲུང་བརྩི་ལེགས་གྲུབ་ཞུས་ཐུབ་པ་བྱུང་ཡོད། རྒྱ་གར་དང་། བལ་ཡུལ། སི་རི་ལངྒ་བཅས་རྒྱལ་ཁབ་གསུམ་གྱི་དམིགས་བསལ་སྐྱབས་བཅོལ་འབྲེལ་མཐུད་པ་མར་ཁི་ཝེན་བྷརག་(Mark Weinberg)དང། བལ་ཡུལ་ནང་རྒྱ་གར་གཞུང་ཚབ་ཀྱི་ལས་སྣེ་(second secretary A.K Roy) དང་ལྷན་མཇལ་འཕྲད་ཀྱིས་བལ་ཡུལ་དུ་གནས་སྡོད་བོད་མིའི་གནས་སྟངས་སྐོར་སྙན་སེང་ཞུས། དེ་བཞིན་ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༣༠ ཉིན་ཨ་རི་གྲོས་ཚོགས་ཀྱི་ཚོགས་མི་ཊོ་ཌ་སི་ཊེན་(Todd Stein)ལགས་དང། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་ཀེཊ་ལགས་རྣམ་གཉིས་མཆོད་འཇོར་གཞིས་ལས་ཁང་དུ་གདན་ཞུས་ཀྱིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བའི་གནས་སྟངས་དང་འབྲེལ་བའི་དྲི་བར་ལན་འདེབས་ཞུས་ཡོད། ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས ༡༣ ཉིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་མ་རི་ཡ་ཨོ་ཊེ་རོ་(Maria Otero) ལགས་བལ་ཡུལ་དུ་གཟིགས་སྐོར་ཕེབས་སྐབས་བལ་ཡུལ་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ནས་གོ་སྒྲིག་འོག་བལ་དོན་དྲུང་ཆེ་ལགས་ཀྱིས་དབུས་བལ་ཡུལ་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་རྣམ་པ་དང། ཨ་རི་གཞུང་གི་ལས་ཀྱི་སྣེ་མོ་བ་བཅས་དང་ལྷན་ཉིན་གུང་གསོལ་ཚིགས་སྐབས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བའི་དཀའ་ངལ་དང་རོགས་སྐྱོར་གནང་ཕྱོགས་སྐོར་ས་གནས་འགོ་འཛིན་སོ་སོས་ཡིག་ངག་གཉིས་ཀའི་ཐོག་སྙན་སེང་ཞུས་ཡོད། ཕྱོགས་མཚུངས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡ ཉིན་དང་། ཟླ་ ༣ ཚེས་ ༢༦ ཉིན་བཅས་སུ་ཇར་མན་གྲོས་ཚོགས་ཀྱི་ཚོགས་གཞོན་དང་ཚོགས་མི། དེ་བཞིན་ཨ་རི་གཞུང་གི་ལས་ཀྱི་སྣེ་མོ་བ་བཅས་ལ་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་དཀའ་ངལ་སོགས་ཀྱི་སྐོར་ཞུས་ཡོད་པ་བཅས།།
འབྲུག་སྡོད་བོད་མིའི་ལྟ་རྟོག་འགན་འཁུར་ལས་ཁང་གི་ལོ་གཅིག་རིང་ཆབ་སྲིད་དང་འབྲེལ་བའི་ལས་བསྡོམས་སྙིང་བསྡུས།
༄༅། །རང་གཞུང་ཕྱི་དྲིལ་ལས་ཁུངས་ནས་བརྙན་འཕྲིན་འོད་སྡེར་དང། གསར་ཤོག་སོགས་ཇི་འབྱོར་བཞིན་མང་ཚོགས་ལ་གསལ་བསྒྲགས་དང་འགྲེམས་སྤེལ་གང་ཐུབ་ཞུ་མུས་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྐབས་བཀའ་སྤྱི་གཉིས་ཀྱི་གསུང་བཤད་གཞིས་སྒར་ཚང་མར་འགྲེམས་སྤེལ་དང་དུས་ཆེན་སྲུང་བརྩིའི་མཛད་སྒོ་ཡང་ཚོགས་ཡོད། བོད་མིའི་རང་དབང་སྒེར་ལངས་ཐེངས་ ༥༢ ཐོག་སྩལ་བའི་༸གོང་ས་མཆོག་གི་གསུང་འཕྲིན་དང། བཀའ་སྤྱི་གཉིས་ཀྱི་གསུང་བཤད་བཅས་གཞིས་སྒར་ཁག་ལ་འགྲེམས་སྤེལ་ཞུས་པ་དང་ཆབས་ཅིག་ས་གནས་བབས་ཀྱིས་དུས་དྲན་སྲུང་བརྩི་ཞུས་ཡོད། དེ་བཞིན་མང་གཙོའི་དུས་དྲན་ཐོག་གནང་བའི་བཀའ་སྤྱི་གཉིས་ཀྱི་གསུང་བཤད་ཀྱང་གཞིས་སྒར་ཁག་ནང་འགྲེམས་སྤེལ་དང་འབྲེལ་མང་ཚོགས་ལ་དུས་ཆེན་ངོ་སྤྲོད་ཞུས། ཕྱོགས་མཚུངས་གཞིས་སྒར་ཁག་གི་ནང་སྐོར་བསྐྱོད་སྐབས་མང་ཚོགས་ལ་ཆབ་སྲིད་ལམ་སྟོན་དང་དབུ་མའི་ཀྱི་གསལ་བཤད་ཞུས་དང་ཞུ་མུས་ཡིན་པ་བཅས།།