༢༠༡༡ ཟླ་ ༥ ཚེས་ ༢༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༡༡ ཉིན་མན་ཊི་ས་གནས་འཐུས་ཚོགས་ཀྱིས་ཉེ་ལམ་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་གཙོ་བོར་གྱུར་བའི་ས་གནས་བོད་རིགས་ཚོར་རྒྱ་ནག་གཞུང་གིས་དྲག་གནོན་འོག་དམ་བསྒྲགས་མུ་མཐུད་བྱེད་བཞིན་པ་དེ་མགྱོགས་མྱུར་མཚམས་འཇོག་ཆེད་ཨེ་ཤི་ཡ་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ (Asian Centre for Human Rights) ལ་འབོད་སྐུལ་གྱི་ཞུ་སྙན་ཕུལ་བའི་ནང་འཁོད་དོན། རྒྱ་ནག་གཞུང་གིས་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་ཕུན་ཚོགས་ལགས་ཀྱིས་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་རང་ལུས་ཞུགས་འབུལ་གནང་རྗེས་ཀིརྟི་དགོན་པར་དམ་བསྒྲགས་ཤུགས་ཆེ་བྱེད་འགོ་བཙུགས་ཡོད། ད་ཆ་རྒྱ་ནག་གི་སྐོར་སྲུང་དམག་མིས་ཀིརྟི་དགོན་པའི་དགེ་འདུན་པ་ཚོར་དྲག་གནོན་ཤུགས་ཆེ་བྱེད་བཞིན་པ་མ་ཟད། ཟླ་ ༤ ཚེས་ ༢༡ མཚན་མོར་རྒྱ་གཞུང་གི་སྐོར་སྲུང་དམག་མིའི་རླངས་འཁོར་ ༡༠ ཙམ་གློ་བུར་དུ་ཀིརྟི་དགོན་པར་བསླེབས་ཏེ་དགེ་འདུན་པ་ ༣༠༠ ཙམ་འཛིན་ཟུང་བྱེད་སྐབས་རྔ་པའི་བོད་རིགས་རྒན་གྲས་མང་པོ་ཞིག་གིས་དགེ་འདུན་པ་ཚོར་གདུང་སེམས་མཉམ་སྐྱེ་ཞུས་པར་རྒྱ་ནག་གཞུང་གི་སྐོར་སྲུང་དམག་མི་དེ་དག་གིས་ཉེས་རྡུང་ཚབས་ཆེ་བཏང་སྟེ་བོད་མི་རང་ལོ་ ༦༠ སོན་པ་དོན་ཁོ་དང་རང་ལོ་རང་ལོ་ ༦༥ སོན་པའི་ཤེར་སྐྱིད་གཉིས་འདས་གྲོངས་སུ་གྱུར་ཡོད། དགེ་འདུན་པ་ ༣༠༠ རྣམས་ད་ལྟ་གར་སོང་ཆ་མེད་དུ་གྱུར་ཡོད་པར་བརྟེན། ང་ཚོ་འདི་ག་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་མན་ཌིར་གནས་སྡོད་བོད་མི་རྣམས་ལ་གནད་དོན་དེའི་ཐད་སེམས་འཚབ་ཧ་ཅང་ཆེན་པོ་འདུག དེར་བརྟེན་ང་ཚོས་ཨེ་ཤི་ཡའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དང་རྒྱལ་སྤྱིའི་ཚོགས་པ་ཁག་བརྒྱུད་རྒྱ་ནག་གཞུང་ལ་དྲག་གནོན་མཚམས་འཇོག་བྱ་རྒྱུའི་འབོད་སྐུལ་གནང་རོགས་ཞེས་ར་འདུན་ཞུ་རྒྱུ་དང་ཆབས་ཅིག རྒྱ་ནག་གཞུང་གིས་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་བརྩི་སྲུང་ཐོག་ཀིརྟི་དགོན་པའི་དགེ་འདུན་པ་ཚོར་ཆོས་དད་རང་དབང་སྤྲོད་རྒྱུའི་འབོད་སྐུལ་གནང་རོགས། ཞེས་འཁོད་པའི་ཞུ་སྙན་ཞིག་ཕུལ་ཡོད་པ་བཅས།།
མན་ཌི་ས་གནས་འཐུས་ཚོགས་ཀྱིས་ཨེ་ཤི་ཡ་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་ཞུ་སྙན་ཕུལ་བ།
གསར་གནས།
འབྲེལ་གནས།