༢༠༡༡ ཟླ་ ༥ ཚེས་ ༢༡ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༡ ཉིན་རྡ་ས་བཞུགས་སྒར་རྡ་སྟེང་བོད་ཁྱིམ་ཚོགས་ཁང་དུ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་བཀའ་བློན་ལས་ཟུར་རྣམ་པ་དང་། སྐབས་གསུམ་པའི་བཀའ་ཁྲིར་འོས་འདེམས་བྱུང་བའི་མཁས་དབང་བློ་བཟང་སེང་གེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་སྤྱི་འཐུས་རྣམ་པ་དང་སྤྱི་ཟུར་རྣམ་པ། སྐབས་བཅོ་ལྔ་པར་འོས་འདེམས་བྱུང་བའི་བོད་མི་མང་སྤྱི་འཐུས་རྣམ་པ། རྡ་སའི་དབུས་ལས་ཁུངས་ཁག་གི་གཞུང་ཞབས་ཟུང་དྲུང་ཡན་གྱི་སྲི་ཞུ་བ་རྣམ་པ། ས་གནས་འཐུས་མིའི་ཚོགས་འདུ་ཁག་གི་སྐུབ་ཚབ་དང་། ས་འཐུས་མེད་པའི་ས་གནས་ཁག་ནས་མི་མང་གི་སྐུ་ཚབ་རྣམ་པ། ས་གནས་རང་བདེན་ཚོགས་ཆུང་ཁག་གི་སྐུ་ཚབ་རྣམ་པ། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་སྐུ་ཚབ་རྣམ་པ། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་ཚོགས་པ་དང་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་རང་སྐྱོང་སྡེ་ཚན་ཁག་གི་སྐུ་ཚབ་རྣམ་པ། རྒྱུན་གཏན་བོད་དོན་ཐོག་ཐུགས་སྣང་དང་འགན་འཁུར་དང་ལས་འགུལ་གནང་མཁན་གྱི་མཁས་དབང་དང་། ཆེད་ལས་པ། སྤྱི་ཚོགས་ཞབས་ཞུ་བ། དེ་བཞིན་རྒྱ་བལ་འབྲུག་གསུམ་ནས་དྭང་བླང་ཕེབས་མཁན་མི་གྲངས་ ༣༠ དང་། དེ་མིན་ནས་མི་གྲངས་ ༢༠ བཅས་ཚོགས་བཅར་བ་ཁྱོན་མི་གྲངས་ ༤༡༨ བརྒལ་བ་ལྷན་འཛོམས་ཀྱི་ཐོག་མར་བཀའ་བློན་ཁྲི་པ་རིན་པོ་ཆེ་མཆོག་དང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་སྤོས་སྣེས་སྔོན་བསུས་ཏེ་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་དགེ་འདུན་པ་ཁག་གཅིག་གིས་༸རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་བོད་ཁྱིམ་སློབ་གྲྭའི་དགོན་པ་ནས་དུང་རྒྱ་སེར་སྦྲེང་དང་བཅས་ཚོགས་ཁང་གི་བཞུགས་ཁྲིར་གདན་འདྲེན་ཞུས་རྗེས་སྤྱི་འཐུས་ཚོགས་གཙོ་མཆོག་དང་། བཀའ་ཁྲི་མཆོག ཚོགས་གཞོན་མཆོག་བཅས་ཀྱིས་མཇལ་དར་སྒྲོན་འབུལ་ཞུས་གྲུབ་མཚམས་དགེ་འདུན་བཞི་གྲྭས་ཤིས་བརྗོད་གསུངས་ཏེ་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་རྔ་རོལ་དང་བཅས་ཕུལ།
དེ་ནས་བོད་ཀྱི་བསྟན་པ་ཆབ་སྲིད་མི་རིགས་དང་བཅས་པའི་ཆེད་དུ་ལུས་སྲོག་བློས་བཏང་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་གྱི་མྱ་ངན་གུས་འདུད་སྐར་མ་གཅིག་གནང་རྗེས་རྟེན་འབྱུང་གསོལ་ཇ་འབྲས་སིལ་ཕུལ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བོད་མི་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས་ཀྱི་གསལ་བསྒྲགས་དང་འབྲེལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དབུ་འབྱེད་ཀྱི་གསུང་བཤད་གནང་། དེ་ནས་བཀའ་ཁྲི་མཆོག་གིས་བཀའ་ཤག་གི་གསུང་བཤད་གནང་། དེ་རྗེས་ཚོགས་དྲུང་སྟོབས་རྒྱལ་ལགས་ཀྱིས་ཚོགས་ཆུང་ཆ་བགོས་ཀྱི་ལས་རིམ་སྒྲོགས་སྦྱང་གནང་སྟེ་བོད་མི་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་དབུ་འཛུགས་ཀྱི་མཛད་སྒོ་གྲོལ། དེ་ནས་ཚོགས་ཆུང་ཆ་བགོས་ཀྱི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་སྙན་ཐོ་སོགས་ཀྱི་སྐོར་ལ་ཉིན་བཞིའི་རིང་བཀའ་བསྡུར་དང་སྦྱང་བཤད་མཐིལ་ཕྱིན་གནང་རྒྱུ་ཡིན་འདུག
དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་རྒྱལ་སྤྱིའི་གསར་འགོད་པ་གྲངས་ ༣༠ བརྒལ་བ་རྣམས་ལ་དབྱིན་སྐད་ཐོག་ནས་ཐེངས་འདིའི་བོད་མི་མང་རྒྱལ་ཡོངས་ཚོགས་ཆེན་སྐོར་གསར་འགོད་གསལ་བསྒྲགས་དང་གསར་འགོད་པའི་དྲི་བ་རྣམས་ལ་ལན་འདེབས་ཀྱང་ཁ་གསལ་གནང་ཡོད།
གཞན་ཡང་དབུ་འབྱེད་མཛད་སྒོའི་ཐོག་ཕྱི་རྒྱལ་ཡུལ་གྲུ་ ༢༠ བརྒལ་བ་ནས་སྐུ་ཚབ་དང་དེ་བཞིན་ཕྱི་ནང་གི་གསར་འགོད་པ་ ༣༠ ཙམ་བཅས་ཁྱོན་མི་གྲངས་ ༤༤༠ ལྷག་ཙམ་ཚོགས་བཅར་ཞུས་ཡོད་པ་བཅས།།