༢༠༡༡ ཟླ་ ༥ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་སྲིད་སྐྱོང་ (Governor) མཆོག་ལ་མངའ་སྡེའི་བློན་ཆེན་སྐུ་ཞབས་རྡོ་རྗེ་མཁའ་འགྲོ་མཆོག་གནམ་གྲུ་བརྡབ་སྐྱོན་འོག་འདས་གྲོངས་སུ་གྱུར་བར་ཐུགས་གསོའི་གསུང་འཕྲིན་སྩལ་བའི་ནང་འཁོད་དོན། ངོས་ཀྱི་གྲོགས་པོ་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་ཉེ་ཆར་སྟབས་མ་ལེགས་པར་ཐད་འཕུར་གནམ་གྲུ་བརྡབ་སྐྱོན་གྱིས་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་གོ་ཐོས་བྱུང་བར་ངོས་རང་བློ་ཕམ་ཆེན་པོ་བྱུང་། སྔ་ལོ་ངོས་རང་མོན་རྟ་དབང་དུ་འཚམས་འདྲི་ལྟ་སྐོར་དུ་བསྐྱོད་སྐབས་སྐུ་ཞབས་རྡོ་རྗེ་མཁའ་འགྲོ་མཆོག་གིས་ཐུགས་འཁུར་རྐང་བཞེས་ཀྱིས་ཁོང་གི་སྲིད་གཞུང་ནས་ངོས་ལ་བསུ་བ་སྣེ་ལེན་རྒྱ་ཆེ་གནང་བ་དྲན་གསོ་བྱུང་། ངོས་ནས་སྐུ་གཤེགས་དམ་པ་ཁོང་གི་རྗེས་ཤུལ་ནང་མི་དང། དེ་བཞིན་དམ་པ་ཁོང་དང་ལྷན་གནམ་གྲུ་དེའི་ནང་ཡོད་པའི་ལས་བྱེད་པ་རྣམས་ཀྱི་ནང་མི་ལའང་གདུང་སེམས་མཉམ་སྐྱེ་ཞུ་བཞིན་ཡོད། ཅེས་གསུང་འཕྲིན་ནང་འཁོད་ཡོད།