༢༠༡༡ ཟླ་ ༥ ཚེས་ ༡༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༡༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་མངའ་སྡེ་ཨར་ཀན་སིའི་གཙུག་ལག་སློབ་གྲྭའི་ཆེ་བསྟོད་ཀྱི་མཁས་དབང་་ཕྱག་འཁྱེར་ཌོཀ་ཊོར་ཨོབ་ཧུ་མན་ལེ་ཊར་(Doctor of Humane letters) ཞེས་པ་དེ་འབུལ་ལམ་ཞུས་ཡོད། ༸གོང་ས་མཆོག་ཨ་རིའི་མངའ་སྡེ་ཨར་ཀན་སའི་ནང་ཆིབས་སྒྱུར་བསྐྱངས་མཚམས་ཐོག་མར་ཕ་ཡེ་ཏི་ཝིལ་ལེའི་(Fayetteville) གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཨར་ཀན་སིའི་གཙུག་ལག་སློབ་གྲྭའི་མུ་ལིན་སི་དཔེ་མཛོད་ཁང་(Mullins Library of the University of Arkansas) ཞེས་པ་དེར་ཆིབས་སྒྱུར་བསྐྱངས་ཏེ་བོད་ཀྱི་རིག་གཞུང་དང་འབྲེལ་བའི་སྟོན་པའི་ཞལ་ཐང་དང་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་དགེ་འདུན་པ་ཚོས་བཞེངས་པའི་སྤྱན་རས་གཟིགས་ཀྱི་རྡུལ་མཚོན་དཀྱིལ་འཁོར་སོགས་ལ་འཚམས་གཟིགས་མཛད་རྗེས། གཙུག་ལག་སློབ་གྲྭའི་སྦ་ཌ་ཝལ་ཊོན་ཨེ་རི་ནར་ (Bud Walton Arena) ཆིབས་སྒྱུར་སྐྱོང་སྐབས་གཙུག་ལག་སློབ་གྲྭའི་རིགས་བདག་སྐུ་ཞབས་ཌེབ་ཇིར་ཧ་ཌ་ (Dave Gearhart) མཆོག་གིས་ཕེབས་བསུ་གཟབ་རྒྱས་ཞུས། དེ་རྗེས་མགོན་པོ་གང་ཉིད་མཆོག་ཚོགས་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་མི་གྲངས་ ༡༠༠༠༠ བརྒལ་བར་འཚེ་མེད་ཞི་བའི་ཐབས་ལམ་སྣ་ཚོགས་ཞེས་པའི་བགྲོ་གླེང་ཚོགས་མགོན་དུ་དབུ་བཞུགས་མཛད་དེ་བཀའ་སློབ་སྩལ། སྐབས་དེར་༸གོང་ས་མཆོག་དང་ལྷན་བགྲོ་གླེང་གནང་མཁན་གཞན་གཉིས་ནི་ཡེ་ཤུའི་བཙུན་མ་སྙན་གྲགས་ཅན་ཧེ་ལན་པི་རི་ཇན་ (Sister Helen Prejean) ལགས་དང་སྐུ་ཞབས་ཝིན་སིན་ཧར་ཌིང་ (Vincent Harding) ལགས་ཡིན་འདུག
སྐབས་དེར་༸གོང་ས་མཆོག་གིས་ང་ཚོ་འགྲོ་བ་མི་རྣམས་ནི་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཞིག་ཡིན་པས་གང་ཟག་སྒེར་གྱི་བདེ་དོན་དེ་ཚོགས་པ་སྤྱི་ལ་རྟེན་ཡོད་པ་ལས་རུས་སྦལ་གྱི་སྒོ་ང་བཞིན་སྐྱེས་མ་ཐག་མའི་བྱམས་སྐྱོང་ལ་རྟེན་མི་དགོས་པ་དེ་འདྲ་མིན་ཚུལ་དང་། ང་རྒྱལ་བྱེད་རྒྱུ་དེ་ཡང་ང་ཚོའི་རང་བཞིན་ལ་ཡོད་པ་དེ་དག་མིའི་རྣམ་དཔྱོད་དང་འདོད་རྔམ་ལས་བྱུང་བ་ཞིག་ཡིན་པ་ལས་གཞི་རྩའི་འགྲོ་བ་མིའི་རང་བཞིན་དེ་ཞི་འཇམ་ལྡན་པ་ཞིག་ཡིན། སྨན་གྱི་ཚན་རིག་པས་ཁོང་ཁྲོ་ཡུན་རིང་ལང་ཚེ་ལུས་པོའི་འཕྲོད་བསྟེན་ལ་གནོད་ཀྱི་ཡོད་པ་ར་སྤྲོད་བྱས་ཡོད། བྱམས་པ་དང་བརྩེ་བའི་ཀུན་ནས་བླང་པའི་ལས་དེ་འཚེ་བ་མེད་པ་དང་། ཞེ་སྡང་ཀུན་ནས་བླང་པའི་ལས་དེ་འཚེ་བ་ཡིན་སྐོར་བཀའ་སྩལ། ཕྱོགས་མཚུངས་ཡེ་ཤུའི་བཙུན་མ་ཁོང་ནས་ཀྱང་སྲོག་ཁྲིམས་ཀྱི་ཉེས་ཆད་ཕོག་པའི་བཙོན་པ་ཁག་གཅིག་དང་ཐུག་འཕྲད་ཀྱིས་ཁོང་ཚོ་དང་བསམ་ཚུལ་བརྗེས་ལེན་བྱས་ཚུལ་སྐོར་དང་། བཙུན་མ་རང་ཉིད་ཀྱིས་སྲོག་ཁྲིམས་གཅོད་རྒྱུའི་ཁྲིམས་དེ་མེད་པ་བཟོ་རྒྱུའི་ལས་འགུལ་དེ་ཐོག་མར་འགོ་བརྩམས་ཚུལ་སོགས་ཀྱི་སྐོར་ཞིབ་ཕྲ་གསལ་བཤད་ཞུས་ཡོད། དེ་བཞིན་སྐུ་ཞབས་ཝིན་སིན་ཧར་ཌིང་ལགས་ཀྱིས་རང་ཉིད་ཀྱི་ཉམས་མྱོང་ཐོག་ནས་འཚེ་མེད་ཞི་བའི་ཐབས་ལམ་འདྲ་མིན་ཡོད་པའི་ངེས་པ་རྙེད་ཚུལ་སོགས་ཀྱི་སྐོར་དཔེ་མཚོན་དང་སྦྲགས་གསལ་བཤད་ཞུས་ཡོད།
བགྲོ་གླེང་གི་ཚོགས་འདུ་གྲོལ་མཚམས་ཉིན་གུ་ལྗགས་སྨིན་མཛད་གྲུབ་བསྟུན། མགོན་པོ་གང་ཉིད་མཆོག་གཙུག་ལག་སློབ་གྲྭའི་སྦ་ཌ་ཝལ་ཊོན་ཨེ་རི་ནར་སླར་ཡང་ཆིབས་སྒྱུར་བསྐྱངས་ཏེ་དུས་རབས་གསར་པའི་ནང་འཚེ་མེད་ཞི་བའི་མདུན་ལམ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ། དེ་ཡང་༸གོང་ས་མཆོག་གིས་མང་ཚོགས་གྲངས་ ༡༢༠༠༠ བརྒལ་བར་བཀའ་སློབ་དབུ་འཛུགས་ཀྱི་ཐོག་མར་གཙུག་ལག་སློབ་གྲྭའི་རིགས་བདག་སྐུ་ཞབས་ཌེབ་ཇིར་ཧ་ཌ་མཆོག་གིས་མང་ཚོགས་ལ་༸གོང་ས་མཆོག་གི་འཚེ་མེད་ཞི་བའི་ལྟ་གྲུབ་ལ་གཞི་བཅོལ་ཏེ་འགྲོ་བ་མིའི་ནང་གི་བཟང་སྤྱོད་དང་ཆོས་ལུགས་མཐུན་སྒྲིལ། བོད་ཀྱི་བདེན་པའི་འཐབ་རྩོད་བཅས་རླབས་ཆེན་གྱི་མཛད་ཁུར་རྣམས་ངོ་སྤྲོད་གནང་ཏེ་གཙུག་ལག་སློབ་གྲྭའི་ཆེ་བསྟོད་ཀྱི་མཁས་དབང་ཕྱག་འཁྱེར་ཌོཀ་ཊོར་ཨོབ་ཧུ་མན་ལེ་ཊར་ (Doctor of Humane letters) ཞེས་པ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུས་ཡོད།
དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་གཙུག་ལག་སློབ་གྲྭས་ཆེ་བསྟོད་ཀྱི་ཕྱག་འཁྱེར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། འགྲོ་བ་མིའི་གཞི་རྩའི་བཟང་པོའི་ཡོན་ཏན་བྱམས་པ་དང་བརྩེ་བ་སོགས་ཀྱི་སྐོར་ཙམ་མ་ཟད། བོད་དང་རྒྱ་ནག དེ་བཞིན་རྒྱལ་སྤྱིའི་ནང་གི་གནས་ཚུལ་སྐོར་མང་ཚོགས་ཀྱི་དྲི་བར་བཀའ་ལན་ཡང་སྩལ་ཡོད་པ་བཅས།།