༢༠༡༡ ཟླ་ ༥ ཚེས་ ༡༦ རེས་གཟའ་ཟླ་བ།
༡༽ རྒྱ་བལ་འབྲུག་གསུམ་ནང་བོད་མི་གནས་སྡོད་བྱེད་བཞིན་པའི་ས་གནས་འགོ་འཛིན་རྣམས་འོས་བསྡུ་ཆེན་མོ་སྐབས་ས་གནས་འོས་བསྡུའི་འགན་འཛིན་གཅིག་ལྕོགས་བྱེད་དགོས་པར་བརྟེན་ ༢༠༡༠ ཟླ་ ༤ ཚེས་ ༢ ནས་ ༤ བར་ས་གནས་འོས་བསྡུའི་འགན་འཛིན་ཁག ༤༣ ལ་ལྡི་ལིར་ཉིན་ ༣ རིང་འོས་བསྡུའི་ལས་རིམ་ཐོག་ཟབ་སྦྱོང་གོ་སྒྲིག་ཞུས། དེ་སྐབས་སློབ་འཁྲིད་གནང་མཁན་གཙོ་བོ་རྒྱ་གར་དབུས་གཞུང་གྲོས་ཚོགས་འོག་མའི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་སྐུ་ཞབས་སུ་བཤ་ཀཱ་ཤབ་ (Mr.Subash Kyasyhab)  མཆོག་ཡིན།

༢༽ འོས་བསྡུའི་འགན་འཛིན་ལས་འཕར་དགེ་བཤེས་རིག་འཛིན་ཆོས་གྲགས་དང་། བཅུད་པར་གཡང་མཁོ་རྒྱལ་རྣམ་གཉིས་བསྐོ་གཞག་བཀྲིན་ཆེ་སྩལ་བྱུང་འཕྲལ་ ༢༠༡༠ ཟླ་ ༦ ཚེས་ ༢ ནས་གཞུང་འབྲེལ་འོས་བསྡུའི་ལས་རིམ་འགོ་འཛུགས་ཞུས་ཏེ་སྤྱི་འཐུས་དང་བཀའ་བློན་ཁྲི་པའི་འོས་བསྡུ་ཉིན་བརྒྱ་དུས་གཅིག་ལ་བྱེད་རྒྱུ་ཐག་གཅོད་བྱས་། དེ་ནས་རིམ་བཞིན་གདན་ས་ཁག་གི་གཙོས་རྒྱ་གར་ནང་བོད་མིའི་གཞིས་ཆགས་ཁག་ཡོངས་རྫོགས་དང་། ཁ་འཐོར་ཁག བོད་རིགས་ན་གཞོན་མཐོ་རིམ་སློབ་སྦྱོང་བྱེད་བཞིན་པའི་རྒྱ་གར་གྲོང་ཁྱེར་ཆེ་ཁག་བཅས་སུ་གུས་གསུམ་དང་འབྲེལ་ཡོད་ལས་བྱེད་ས་བགོས་ཆེད་བསྐྱོད་ཀྱིས་མང་ཚོགས་ལ་འོས་བསྡུའི་སྒྲིག་གཞི་གཙོ་བཟུང་ཐོག་མང་གཙོའི་ཐོབ་ཐང་འོས་འཕེན་གྱི་ཆ་ཤས་ལེན་དགོས་གལ་ཆེ་ཡིན་སྐོར་ལམ་སྟོན་སློབ་གསོ་ཞུས།

༣༽ འོས་འཕེན་པའི་ཆ་རྐྱེན་ཚང་བའི་བོད་མི་རྣམས་ནས་འོས་བསྡུའི་ཆ་ཤས་ལེན་དགོས་པའི་བསྐུལ་མ་ཡིག་ངག་གཉིས་ཐོག་ནས་རིམ་པར་བྱས་ཏེ་གཏན་འཇགས་ཡོད་བཞིན་པའི་ས་གནས་འོས་བསྡུ་ལས་ཁང་ ༥༦ དང་། རྒྱ་གར་ནང་བོད་མི་དགུན་ཚོང་དུ་འགྲོ་ཡུལ་འཕྲལ་སེལ་ས་གནས་ཁག ༩ བོད་རིགས་ན་གཞོན་མཐོ་རིམ་སློབ་སྦྱོང་བྱེད་ཡུལ་ས་གནས་ཁག ༤ བཅས་སུ་སྔོན་འགྲོའི་འོས་བསྡུའི་མཐུན་རྐྱེན་གོ་སྒྲིག་ཞུས་ཏེ་ཁྱོན་བསྡོམས་མིང་གཞུང་དེབ་སྐྱེལ་བྱས་པ་ ༧༩༡༡༡ བྱུང་བ་ནས་འོས་དངོས་སུ་བླུགས་མཁན་ ༤༧༩༩༨ བྱུང་ཡོད།

༤༽ འོས་འཕེན་རྒྱུའི་ཆ་རྐྱེན་་དུས་ཚོད་གཏན་འབེབས་དང་ལམ་སྟོན་གསལ་བསྒྲགས་བྱས་པའི་ནང་འོས་འཕེན་འདོད་ཡོད་པ་སོ་སོས་མིང་གཞུང་དེབ་འགོད་བྱེད་དགོས་པ་དེ་ལྟར་ཡང་། དེ་ལྟར་བྱེད་མ་ཐུབ་པ་འོས་འཕེན་འདོད་ཡོད་པ་ཁག་གཅིག་ནས་མིང་གཞུང་དེབ་འགོད་བྱ་རྒྱུའི་དུས་ཚེས་གཉིས་པ་ཞིག་གནང་དགོས་པ་ཞུས་དོན་ལག་བསྟར་ཞུས་ཏེ་མིང་གཞུང་དེབ་འགོད་འཕར་མ་ ༤༢༨༨ བྱུང་བ་དངོས་གཞི་འོས་བསྡུར་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་ཁྱོན་བསྡོམས་བྱེས་འབྱོར་བོད་མི་ ༨༣༣༩༩ ནས་མིང་གཞུང་དེབ་འགོད་བྱས་ཡོད།

ཀ ༽ སྤྱི་འཐུས་སྐབས་ ༡༣ པར་ཁྱོན་བསྡོམས་འོས་འཕེན་པའི་མིང་གཞུང་དེབ་བཀོད་བྱས་པ་བྱེས་འབྱོར་བོད་མི་གྲངས་ ༥༨༥༣༩ བྱུང་བ་ནས་དངོས་སུ་འོས་འཕེན་པ་ ༣༤༩༠༦ དང་དེའི་བརྒྱ་ཆ་ ༥༩་༦༢ ཡིན། བཀའ་ཁྲི་སྐབས ༡ པོར་ཁྱོན་བསྡོམས་འོས་འཕེན་པའི་མིང་གཞུང་དེབ་བཀོད་བྱས་པ་བྱེས་འབྱོར་བོད་མི་གྲངས་ ༦༧༣༧༦ བྱུང་བ་ནས་དངོས་སུ་འོས་འཕེན་པ་ ༣༥༡༨༤ དེའི་བརྒྱ་ཆ་ ༥༢་༢༢ ཡིན།

ཁ༽ སྤྱི་འཐུས་སྐབས་ ༡༤ པར་ཁྱོན་བསྡོམས་འོས་འཕེན་པའི་མིང་གཞུང་དེབ་བཀོད་བྱས་པ་བྱེས་འབྱོར་བོད་མི་གྲངས་ ༧༠༥༠༠ བྱུང་བ་ནས་དངོས་སུ་འོས་འཕེན་མཁན་བྱུང་བ་ ༣༧༡༤༧ དེའི་བརྒྱ་ཆ་ ༥༢་༦༩ ཡིན། བཀའ་ཁྲི་སྐབས ༢ པར་ཁྱོན་བསྡོམས་འོས་འཕེན་པའི་མིང་གཞུང་དེབ་བཀོད་བྱས་པ་བྱེས་འབྱོར་བོད་མི་གྲངས་ ༧༢༧༧༡ བྱུང་བ་ནས་དངོས་སུ་འོས་འཕེན་པ་ ༣༢༢༠༥ བྱུང་བ་དེའི་བརྒྱ་ཆ་ ༤༤་༢༦ ཡིན།

ག༽ སྤྱི་འཐུས་སྐབས་ ༡༥ པར་ཁྱོན་བསྡོམས་འོས་འཕེན་པའི་མིང་གཞུང་དེབ་བཀོད་བྱས་པ་བྱེས་འབྱོར་བོད་མི་གྲངས་ ༨༣༣༩༩ བྱུང་བ་ནས་དངོས་སུ་འོས་འཕེན་མཁན་བྱུང་བ་ ༤༨༤༨༢ དེའི་བརྒྱ་ཆ་ ༥༨་༥༤ ཡིན། བཀའ་ཁྲི་སྐབས ༣ པར་ཁྱོན་བསྡོམས་འོས་འཕེན་པའི་མིང་གཞུང་དེབ་བཀོད་བྱས་པ་བྱེས་འབྱོར་བོད་མི་གྲངས་ ༨༣༣༩༩ བྱུང་བ་ནས་དངོས་སུ་འོས་འཕེན་པ་  ༤༩༡༨༤ བྱུང་བ་དེའི་བརྒྱ་ཆ་  ༥༨་༩༧ ཡིན།

༥༽ ལོ་གཅིག་མ་ཟིན་ཙམ་རིང་འོས་བསྡུ་ཆེན་མོའི་ལས་དོན་ལག་ལེན་བསྟར་བའི་ཉམས་མྱོང་དང་། མང་ཚོགས་ཁྲོད་ནས་ཤེས་ལྡན་དོ་སྣང་ཅན་ཁ་ཤས་ནས་བསམ་ཚུལ་བྱུང་བ་བཅས་གཞི་རྩར་བཟུང་སྟེ་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་དགོས་རིགས་དང་། སྒྲིག་གཞི་ནང་མ་གསལ་བ་ཟུར་སྣོན་དགོས་རིགས་བཅས་འཆར་ཟིན་སྤྱི་འཐུས་རྒྱུན་ལས་སུ་ཕུལ་བའི་དོན་གནད་ཁ་ཤས་སྤྱན་བསྟར་ཞུ་རྒྱུར།

ཀ ༽ ད་ཡོད་འོས་བསྡུའི་སྒྲིག་གཞི་ནང་སྤྱི་འཐུས་དང་བཀའ་བློན་ཁྲི་པའི་འོས་གཞིར་ཞུགས་མཁན་སོ་སོར་འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་དྲིལ་བསྒྲགས་འགྲོ་གྲོན་ཇི་ཙམ་བཏང་ཆོག་མིན་དང་། འགྲོ་གྲོན་གཏོང་རྒྱུའི་དངུལ་འབོར་ཁྲིམས་མཐུན་ཡིན་མིན་བཅས་སྤྱི་ཁྱབ་འོས་བསྡུ་ལས་ཁང་ནས་ཞིབ་འཇུག་བྱ་རྒྱུའི་ཆ་རྐྱེན་སོགས་གསལ་མེད་སྟབས་དེ་ལྟར་འོས་བསྡུའི་སྒྲིག་གཞིར་ཟུར་སྣོན་དགོས་པའི་འཆར་ཟིན་ཞིབ་ཕྲ་སྤྱི་འཐུས་རྒྱུན་ལས་སུ་ཕུལ།

ཁ ༽ མང་གཙོའི་རྒྱལ་ཁབ་ནང་འོས་གཞིར་ཞུགས་མི་སོ་སོར་འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་དྲིལ་བསྒྲགས་སྐབས་མཚོན་རྟགས་འདྲ་མིན་བེད་སྤྱོད་བྱེད་ཀྱི་ཡོད་ཀྱང་། སོ་སོའི་རྒྱལ་ཁབ་ཀྱི་མཚོན་རྟགས་རྒྱལ་དར་དང་། ས་བཀྲ་སོགས་བེད་སྤྱོད་བྱེད་སྲོལ་མེད་པ་མ་ཟད། དེ་འདྲ་བེད་སྤྱོད་བྱེད་མཁན་བྱུང་རིགས་འགལ་འཛོལ་ཅི་ཆེར་བརྩིས་ཏེ་ཉེས་པ་གཏོང་སྲོལ་ཡོད་པ་ཇི་བཞིན་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་ཁ་སྣོན་དུ་འདི་ལྟར་འཁོད་དགོས་པའི་གྲོས་འཆར་ཟིན་བྲིས་སྤྱི་འཐུས་རྒྱུན་ལས་སུ་ཕུལ།

ག༽  མང་གཙོའི་རྒྱལ་ཁབ་མང་ཆེ་བའི་ནང་རྒྱལ་ཡོངས་འོས་བསྡུ་སྐབས་འོས་འཕེན་པའི་ཡིག་ཆ་མིག་སྟོན་བྱེད་རྒྱུ་ངོ་སྤྲོད་ལག་འཁྱེར་བེད་སྤྱོད་བྱེད་སྲོལ་ཡོད་པ་ཨ་རི་ལྟ་བུ་ཡིན་ན་སོ་སོའི་སྤྱི་བདེ་ལག་འཁྱེར་ (Social Security Card) དང་། ཡང་ན་རང་ཉིད་གཏན་སྡོད་བྱེད་སའི་མངའ་སྡེའི་ངོ་སྤྲོད་ལག་འཁྱེར་ ( Identity Card) བེད་སྤྱོད་བྱེད་བཞིན་པ་དང་། རྒྱ་གར་ནང་ཕྱི་ལོ་ ༡༩༩༣ ནས་བཟུང་རྒྱལ་ཁབ་ཀྱི་ལས་དོན་དང་འབྲེལ་བའི་འོས་བསྡུ་སྐབས་འོས་འཕེན་པའི་འདྲ་པར་ཡོད་པའི་ངོ་སྤྲོད་ལག་འཁྱེར་ (Voter`s Photo Identity Card) བེད་སྤྱོད་བྱེད་བཞིན་པ་ལྟར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འོས་བསྡུར་བེད་སྤྱོད་བྱེད་བཞིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་ཚབ་ཏུ་འོས་འཕེན་པའི་ངོ་སྤྲོད་ལག་འཁྱེར་བེད་སྤྱོད་བྱེད་སྲོལ་གསར་གཏོད་དགོས་པའི་འཆར་ཟིན་ཞིབ་ཕྲ་སྤྱི་འཐུས་རྒྱུན་ལས་སུ་ཕུལ་ཟིན་པ་བཅས་ལ་བཀའ་སློབ་སྐྱབས་འཇུག་བརྩེ་བས་གཟིགས་པ་མཁྱེན། མཁྱེན། མཁྱེན། སྤྱི་ཁྱབ་འོས་བསྡུ་ལས་ཁང་ནས་ ༢༠༡༡ ཟླ་ ༤ ཚེས་  ༡༨ བཟང་པོར།                                                     ཕུལ།།