༢༠༡༡ ཟླ་ ༤ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། །བོད་གཞུང་ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུང་དྲུང་ཀུན་དགའ་བཀྲིས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། བོད་གཞུང་བྱང་ཨ་རི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་དང་། དྲུང་འཕར་ཚེ་དབང་ཕུན་ཚོགས་ལགས། ཟུང་དྲུང་ཀུན་དགའ་བཀྲིས་ལགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་སྐོར་ནིའུ་ཡོཀ་དང་། ནིའུ་ཇར་སི་ཁུལ་གྱི་མང་ཚོགས་ལ་ཟབ་སྦྱོང་ཞིག་སྤྲད་ཡོད།
ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༤ ཉིན་གྱི་ཉིན་ཕྱེད་ཀྱི་ཟབ་སྦྱོང་དེར་བོད་མི་ ༣༠༠ ཙམ་མཉམ་ཞུགས་གནང་ཡོད་པ་དང་། སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང་། བྱུང་རིམ། གྲུབ་འབྲས་ཀྱི་སྐོར་འགྲེལ་བརྗོད་དང་། ཟུང་དྲུང་ཀུན་དགའ་བཀྲིས་ལགས་ཀྱིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གྱི་འགྲེལ་བརྗོད། དྲུང་འཕར་ཚེ་དབང་ཕུན་ཚོགས་ལགས་ཀྱིས་དབུ་མའི་ལམ་དང་འབྲེལ་བའི་སྒོ་ནས་བོད་རྒྱ་ཞི་མོལ་གྱི་གནས་སྟངས་བཅས་ཁག་སོ་སོས་ཆུ་ཚོད་ཕྱེད་ཀའི་རིང་ངོ་སྤྲོད་ཞིབ་ཕྲ་གནང་རྗེས་དྲི་བ་དྲི་ལན་གནང་ཡོད་པ་རེད། སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་ཐེངས་འདིའི་ཟབ་སྦྱོང་ཚོགས་དགོས་པའི་རྒྱུ་མཚན་འགྲེལ་བཤད་གནང་བའི་སྐབས་གསུང་དོན། རང་གཞུང་བཀའ་ཤག་ནས་བོད་མིའི་སྤྱི་ཚོགས་ཡོངས་ནས་བཙན་བྱོལ་བོད་གཞུང་གིས་བཟུང་བཞིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་གང་ཡིན་པ་གསལ་བཤད་བྱེད་རྒྱུ་གལ་ཆེར་གཟིགས་ནས་བར་ལམ་ཡིག་ཆ་མང་པོ་ཞིག་པར་སྐྲུན་གནང་ཡོད་པ་ཁྱེད་རྣམ་པའི་ཕྱག་ཏུ་ཡོད་པ་དེ་ཚོ་རེད། འོན་ཀྱང་དེ་ནི་མང་ཚོགས་ཀྱི་ཆབ་སྲིད་ལྟ་བ་འགྱུར་བ་གཏོང་རྒྱུ་དང་། མང་ཚོགས་ཀྱི་ཆབ་སྲིད་ལྟ་བ་འགྱུར་བ་བཏང་ནས་དབུ་མའི་ལམ་ལ་བརྩི་བཀུར་ཞུ་དགོས་པའི་བཙན་བཀའ་གཏོང་རྒྱུ་དེ་མ་རེད། སོ་སོའི་ཆབ་སྲིད་ཀྱི་ལྟ་གྲུབ་གང་འདྲ་ཞིག་འདེམས་པ་ཡིན་ནའང་དགོས་པ་རྒྱུ་མཚན་ཆ་ཚང་ཤེས་པ་བྱེད་རྒྱུ་གལ་ཆེ་ཡིན་པ་ལྟར།
དེ་རིང་གི་ཟབ་སྦྱོང་དེ་གོ་སྒྲིག་གནང་བ་ཞིག་རེད་ཅེས་གསུང་ཡོད་པ་རེད། དུས་ཡུན་ཉིན་ཕྱེད་རིང་གི་ཟབ་སྦྱོང་ལ་མང་ཚོགས་ ༣༠༠ ཙམ་མཉམ་ཞུགས་གནང་ཡོད་པ་དེ་དག་ནིའུ་ཡོཀ་དང་། ནིའུ་ཇར་སི་ཁུལ་དུ་བཞུགས་མཁན་ཡིན་ཞིང་། བོད་གཞུང་སྐུ་ཚབ་དོན་གཅོད་ཁང་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང་། བྱུང་རིམ། གྲུབ་འབྲས་བཅས་ཀྱི་ངོ་སྤྲོད་དེབ་ཆུང་དང་། དབུ་མའི་ལམ་གྱི་སྲིད་བྱུས་དང་འབྲེལ་བ་ཆགས་པའི་ཡིག་ཆ་རྣམས་ཕྱོགས་སྒྲིག་བྱས་པའི་དེབ་ཅིག་ཚང་མར་འགྲེམས་སྤེལ་གནང་། སྐུ་ཚབ་དོན་གཅོད་ཁང་གིས་གསུང་བཤད་ཚར་རྗེས་དྲི་བ་དྲི་ལན་གྱི་གོ་སྐབས་གནང་ཡོད་པ་ལྟར། ཚོགས་བཅར་བ་བརྒྱད་ཙམ་ནས་ཟབ་སྦྱོང་སྤྲོད་མཁན་གསུམ་ལ་དྲི་བ་བཏང་བར་ལན་འདེབས་དང་། གསལ་བཤད་གནང་ཡོད།
དེ་བཞིན་ཟབ་སྦྱོང་མ་ཚོགས་པའི་སྔོན་དང་། ཟབ་སྦྱོང་ཚོགས་ཟིན་རྗེས་ཀྱི་བསམ་ཚུལ་ལ་ཁྱད་པར་ཇི་ཡོད་དང་། ཟབ་སྦྱོང་གིས་ཕན་ཐོགས་ག་ཚོད་ཙམ་བྱུང་ཡོད་མེད་མང་ཚོགས་ཀྱི་བསམ་ཤོག་བསྡུ་རུབ་གནང་བར་བསམ་ཤོག ༩༤ ཙམ་བྱུང་བ་རྣམས་སྐུ་ཚབ་དོན་ཁང་ནས་ཕྱི་འབྲེལ་ལས་ཁུངས་སུ་འབུལ་ལམ་ཞུས་ཡོད་པ་དང་། མང་ཚོགས་ཁ་ཤས་ཀྱིས་སྐུ་ཚབ་དོན་གཅོད་ཁང་ལ་ཟབ་སྦྱོང་དེ་འདྲ་མུ་མཐུད་ནས་ཚོགས་རྒྱུ་གལ་ཆེན་པོ་ཡིན་པའི་བསམ་ཚུལ་ཞུ་མཁན་ཡང་བྱུང་ཡོད་པ་བཅས། །།