༢༠༡༡ ཟླ་ ༤ ཚེས་ ༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༦ ཉིན་བཞུགས་སྒར་རྡ་སའི་སྦིར་གཞིས་ཆགས་ཉེ་འདབས་སུ་ཆགས་པའི་སུ་ཇཱ་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ནས་མི་ལོ་ཉེར་ལྔ་ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ། དེ་ཉིན་སྔ་དྲོ་ཆུ་ཚོད་ ༩ ཐོག་སློབ་གྲྭའི་ཐང་ཆེན་དུ་དཔལ་རྒྱལ་བ་ཀརྨ་རིན་པོ་ཆེ་མཆོག་དང། ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་གིས་དབུས་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་དང་དགོན་སྡེ་ཁག་གི་སྐུ་ཚབ་། སྐུ་མགྲོན་དང་སློབ་ཟུར་རྣམ་པ། སློབ་ཕྲུག་རྣམ་པ་ལྷན་འཛོམས་ཀྱིས་ཐོག་མར་ཚང་མ་སྐུ་བཞེངས་ཐོག་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང། དེ་རྗེས་སློབ་གྲྭའི་ངེས་སྟོན་པ་དངོས་གྲུབ་དབང་འདུས་ལགས་ཀྱིས་སློབ་གྲྭའི་ལས་བསྡོམས་སྙིང་བསྡུས་སྒྲོགས་སྦྱང་གྲུབ་མཚམས་ཤེས་རིག་བཀའ་བློན་མཆོག་གིས་ཞབས་ལོ་ཉེར་ལྔ་འཁོར་བའི་དགེ་ལས་ཁག་གཅིག་ལ་ཕྱག་རྟགས་བྱ་དགའ་གནང་། དེ་ནས་བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་ཚེ་དབང་ཡེ་ཤེས་ལགས་ཀྱིས་གསུང་བཤད་གནང་རྗེས་ཤེས་རིག་བཀའ་བློན་མཆོག་གི་གསུང་བཤད་གནང་དོན། དེ་རིང་འདི་གར་དཔལ་རྒྱལ་བ་ཀརྨ་མཆོག་གི་དབུས་པའི་བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པས་དབུས་རྣམ་པ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། སློབ་གྲྭ་འདི་བཙུགས་ཏེ་ལོ་ངོ་ ༢༥ འཁོར་བའི་མཛད་སྒོར་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང།
གོང་དུ་སློབ་སྤྱིས་གསུངས་པ་ལྟར་ཚང་མ་ཚིག་གི་བེད་སྤྱོད་གཏོང་སྟངས་དང་སྐད་ཆའི་ཤོད་སྟངས་མི་འདྲ་བ་མ་གཏོགས་ཚང་མའི་དམིགས་ཡུལ་གཅིག་ཡིན་པས་ང་ལ་གསར་པ་ཞུ་རྒྱུ་གང་ཡང་མེད། ད་ལྟ་གོང་དུ་སློབ་གྲྭའི་འགན་འཛིན་ནས་ལོ་ ༢༥ རིང་ཡར་རྒྱས་རྣམ་པ་ག་རེ་བྱུང་ཡོད། དེ་བཞིན་བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་གྱིས་སློབ་གྲྭ་ཐོག་མར་བཙུགས་ནས་བཟུང་སློབ་གྲྭའི་དམིགས་ཡུལ་གཞིར་བཟུང་ཐོག་ནས་ག་རེ་གནང་དགོས་ཀྱི་ཡོད་པ་ཞིབ་ཕྲ་གསུངས་སོང། དེ་ལས་ལྷག་པ་ང་དམིགས་བསལ་ཞུ་རྒྱུ་གང་ཡང་མེད། མདོ་དོན་སློབ་གྲྭ་ཟུར་འཛུགས་གནང་བའི་དགོས་དམིགས་དེ་ང་རང་ཚོ་བོད་པའི་སྐད་ཡིག་དང་རིག་གཞུང་། གཤིས་ཀ བཟང་སྤྱོད་མི་ཉམས་རྒྱུན་འཛིན་གནང་རྒྱུ་སོགས་ཀྱི་ཆེད་བཙུགས་པ་ཞིག་ཡིན་པར་བརྟེན། སློབ་གྲྭའི་ནང་ཤེས་ཡོན་དང་ལྷན་དུ་ཀུན་སྤྱོད་ཀྱང་ཡག་པོ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཕྱྱོགས་མཚུངས་ང་རང་ཚོ་སློབ་སྦྱོང་གནང་སྐབས་རྩ་བའི་ང་ཚོ་བོད་མི་ན་གཞོན་དེ་དག་སློབ་སྦྱོང་གནང་སྟངས་དེ་རང་དབང་མེད་པའི་སློབ་ཕྲུག་ཚོ་དང་མི་འདྲ་བའི་སློབ་སྦྱོང་གནང་དགོས་རྒྱུ་ཞིག་ཆགས་ཡོད། ལྷག་པར་སུ་ཇཱ་སློབ་གྲྭར་ཡོད་པའི་སློབ་ཕྲུག་ཚོ་སློབ་སྦྱོང་གནང་སྟངས་དེ་བཙན་བྱོལ་ནང་འཚར་ལོངས་བྱུང་བའི་ཕྲུ་གྲུ་ཚོ་དང་མི་འདྲ་བའི་ཤུགས་སྣོན་རྒྱག་དགོས་རྒྱུ་ཞིག་གལ་ཆེན་པོ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་། དེ་ནས་རྒྱལ་བ་ཀརྨ་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་ཉིན་མོ་འདི་བཀའ་དྲིན་རྗེས་དྲན་དང་དགའ་འོས་པའི་བཀྲ་ཤིས་པའི་ཉིན་མོ་འདིར་སྐུ་མགྲོན་དུ་ཕེབས་པའི་ཤེས་རིག་བཀའ་བློན་མཆོག་དང་། རང་གཞུང་གི་དྲུང་ཆེ་རྣམ་པས་དབུས་བཀུར་འོས་སྐུ་མགྲོན་རྣམ་པ། དེ་བཞིན་ང་ཚོ་བོད་ཕྲུག་ཁྱིམ་སྡེའི་དབུས་དང་ས་གནས་ཀྱི་དབུ་འཛིན་ཕྱོགས་བཞུགས་རྣམ་པ། སློབ་ཟུར་རྣམ་པ། དེ་བཞིན་མཛའ་ཤིང་བརྩེ་བའི་སློབ་གྲོགས་དང་མི་མང་རྣམ་པ་ཚང་མར་ངས་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། མི་ལོ་ ༢༥ རིང་ལ་སུ་ཇཱ་བོད་ཁྱིམ་གྱི་སློབ་གྲྭས་བོད་མི་རིགས་ཀྱི་ཆོས་རིག་ཆེད་ལེགས་སྐྱེས་ཟམ་མི་ཆད་པ་ཕུལ་ཡོད། དེ་རིང་ཉིན་མོ་འདི་ལ་ང་ཚོས་ངེས་པར་དུ་སྔ་ཕྱི་བར་གསུམ་གྱི་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་དབུ་འཛིན་ལས་བྱེད་དགེ་རྒན་སློབ་མ་ཚང་མར་བཀའ་དྲིན་རྗེས་དྲན་དང་བསྔགས་བརྗོད་ཞུ་དགོས་པ་ཞིག་ཡིན། དེ་བཞིན་ང་ཚོའི་འདས་པའི་གནས་ཚུལ་ལ་ཕྱི་ར་བལྟས་བྱས་ན། ང་ཚོ་དཀའ་ངལ་མང་དག་ཅིག་བརྒྱུད་དེ་འཚར་ལོངས་བྱུང་ཡོད། ད་དུང་མ་འོངས་པའི་ཆེད་ང་ཚོས་ཕུགས་རྒྱང་རིང་པོ་དང་སྙིང་སྟོབས་ཆེན་པོའི་ཐོག་ནས་འདུན་ལམ་གང་འདྲ་སྟོན་དགོས་ཀྱི་ཡོད་པ་དེའི་ཐོག་དགོངས་པ་བཞེས་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག ལྷག་པར་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ནང་དུ་ཕྱག་ལས་གནང་སྟེ་ལོ་གྲངས་བཅུ་ཕྲག་གཉིས་ལ་ཉེ་བ་ཕྱིན་པའི་ཕུལ་བྱུང་གི་མི་སྣ་མང་པོ་ཞིག་འདུག་པས་ངས་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོང་རྣམ་པའི་ལྷག་བསམ་དང་སེམས་ཤུགས་ལས་དོན་གང་བསྒྲུབས་པ་དེ་དག་ཇི་སྲིད་བར་བོད་མི་རིགས་དང་མ་ཡུམ་སློབ་གྲྭ་འདིའི་ལོ་རྒྱུས་ནང་གནས་ངེས་ཡིན་པར་སྙམ་བཞིན་ཡོད།
དེ་བཞིན་སློབ་མ་གཉིས་ནས་བོད་པའི་སྐད་ཡིག་དོན་ལ་རྐང་འཁོར་བཞོན་ནས་ལས་འགུལ་སྤེལ་གནང་འདུག་པས་ཁོང་གཉིས་ལ་དམིགས་བསལ་གྱི་ཐུགས་རྗེ་ཞུ་རྒྱུ་ཡིན། ཡང་ཁོང་གིས་གསུང་དོན། ད་ལྟའི་དུས་ཚོད་འདི་བོད་མི་རིགས་འཆི་གསོན་གནས་སྟངས་ཤིག་ལ་ཐུག་ཡོད། ལྷག་པར་བོད་ལ་འཚར་ལོངས་བྱུང་བའི་བོད་མི་ན་གཞོན་ཚོ་ཡིན་ནའང་རེད། རྒྱ་གར་དང་ཕྱིའི་རྒྱལ་ཁབ་ནང་འཚར་ལོངས་བྱུང་བའི་བོད་མི་ན་གཞོན་ཚོ་ཡིན་པ་ཡིན་ནའང་རེད། ཚང་མར་རང་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་རང་གཤིས་བཟང་པོ་དེ་བརླག་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཆགས་ཡོད། མི་རིགས་ཤིག་གི་ཁྱད་ཆོས་དང་གཤིས་ཀ་དེ་མི་རིགས་དེའི་སྐད་ཡིག་ཐོག་ནས་ཡོང་དགོས་ཀྱི་ཡོད། གཞི་རྩའི་མི་རིགས་དེའི་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེན་པོ་ཡིན། བོད་པའི་སྐད་ཡིག་ལ་ཆབ་སྲིད་དང་། དཔལ་འབྱོར་འགྲོ་སྟངས། སྤྱི་ཚོགས་ཀྱི་གནས་སྟངས། འཚོ་བའི་གོམས་སྲོལ་ཐོག་སོགས་ཐོག་ནས་ཉེན་ཁ་ཆེན་པོ་འཕྲད་ཡོད་ཅེས་སོགས་གསུང་བཤད་གནང་གྲུབ་མཚམས་སློབ་ཕྲུག་ཁག་གཅིག་ནས་རིགས་ལམ་རྩོད་རྒྱུགས་རྗེས་བོད་ཁྱིམ་ལས་སློབ་ནས་རིག་གཞུང་གི་གཞས་སྣ་འཁྲབ་སྟོན་རྗེས་སློབ་སྤྱི་བསོད་ནམས་སྲིད་ཆོས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་སློབ་གྲྭའི་གཞས་མཁྱེན་པའི་ཡེ་ཤེས་རྔ་རོལ་དང་བཅས་ཕུལ་ཏེ་མཛད་སྒོ་གྲོལ།