༢༠༡༡ ཟླ་ ༤ ཚེས་ ༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༣༠ ནས་ཟླ་ ༤ ཚེས་ ༤ བར་སྦེལ་ཇམ་གྱི་རྒྱལ་ས་སྦ་ར་སེལ་ (Brussels) དུ་རྟེན་གཞི་བྱས་པའི་བོད་གཞུང་སྐུ་ཚབ་དོན་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཉིས་ཟུང་འབྲེལ་ཐོག་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་བོད་ཀྱི་ཁོར་ཡུག་གནས་སྟངས་སྐོར་གོ་རྟོགས་སྤེལ་བའི་ལས་གཞི་ཞིག་བརྩམས་ཡོད། ཚོགས་བཅར་བ་རྣམས་ནི་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཚོགས་མི་དང་ཡུ་རོབ་དཔལ་འབྱོར་དང་སྤྱི་ཚོགས་སྡེ་ཚན་གྱི་འཐུས་མི། སྦེལ་ཇམ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་བཅས་ཡིན་འདུག
དེ་ཡང་ཚོགས་འདུར་ཨོ་སི་ཊོ་ལི་ཡའི་ཆབ་སྲིད་རྟོག་ཞིབ་པ་སྐུ་ཞབས་གེབ་རིལ་ལ་ཕི་ཏེ་ (Gabriel Lafitte) ལགས་ཀྱང་མགྲོན་འབོད་ཞུས་པ་ལྟར་ཆེད་ཕེབས་གནང་སྟེ་ཁོང་གིས་བོད་མི་འབྲོག་པ་ས་ཡ་གཉིས་དང་ཕྱེད་ཀ་ལྷག་ཙམ་རྒྱ་ནག་གཞུང་ནས་བཙན་ཐབས་ཀྱིས་ས་གནས་གཅིག་ཏུ་གཞིས་ཆགས་བཅུག་པའི་སྲིད་བྱུས་དེས་ལོ་ངོ་ ༩༠༠༠ ཙམ་སོང་བའི་བོད་མཐོ་སྒང་གི་འབྲོག་པའི་སྐྱས་སྤོའི་སྲོལ་རྒྱུན་ཤུལ་མེད་དུ་འགྲོ་བའི་ཉེན་ཁར་བསླེབས་ཡོད་སྐོར་གཏམ་བཤད་གནང་བ་དང་། དེ་བཞིན་བོད་ཀྱི་ཆུ་ཆེན་ཁག་ལ་ཆུ་རགས་བརྒྱབ་པ་དང་གཏེར་ཁ་སྔོག་འདོན་གྱི་ལས་གཞི་རྒྱ་ཆེ་སྤེལ་བའི་སྲིད་བྱུས་དེས་བོད་ཙམ་མ་ཟད། ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ནང་ཡོད་མི་མང་དུང་ཕྱུར་མང་པོའི་འཚོ་བར་ཛ་དྲག་གི་རྗེས་འབྲས་ཇི་བྱུང་སྐོར་གསལ་བཤད་གནང་ཡོད་པ་མ་ཟད། ཡུ་རོབ་སྤྱི་མཐུན་ཚོགས་པས་བོད་ལ་རོགས་རམ་ཇི་འདྲ་བྱེད་ཐུབ་མིན་དོན་དམ་ལག་ལེན་ཁེལ་ཐུབ་ངེས་ཀྱི་བསམ་ཚུལ་ཡང་བཏོན་ཡོད། སྐུ་ཞབས་གེབ་རིལ་ལ་ཕི་ཏེ་ལགས་ཀྱིས་རྒྱ་ནག་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ཐོག་ཉམས་ཞིབ་མཐིལ་ཕྱིན་པ་གནང་ཡོད་པ་བཅས།།
ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་བོད་ཀྱི་ཁོར་ཡུག་གནས་སྟངས་སྐོར་གོ་རྟོགས་སྤེལ་བ།
གསར་གནས།
འབྲེལ་གནས།