༢༠༡༡ ཟླ་ ༤ ཚེས་ ༢༦ རེས་མིག་དམར།
༄༅། །མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པར་རྒྱ་ནག་གཞུང་ནས་དྲག་གནོན་དང་ས་གནས་ཡུལ་མི་རྒན་འཁོགས་གཉིས་རྐྱེན་ལམ་དུ་བཏང་བར་བརྟེན། དེ་དག་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་རྡ་སར་རྟེན་གཞི་བྱས་པའི་ཀིརྟི་བྱེས་པ་གྲྭ་ཚང་གི་དགེ་འདུན་པ་བརྒྱ་སྐོར་ཞིག་ནས་ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༦ ཉིན་བཞུགས་སྒར་ནས་དབུ་འཛུགས་ཀྱིས་རྒྱ་གར་རྒྱལ་ས་ལྡི་ལི་བར་ཞི་བའི་གོམ་འགྲོས་གནང་འགོ་བཙུགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སྨོན་ལམ་གསོལ་འདེབས་གྲུབ་རྗེས་ཆུ་ཚོད་ ༡༡།༣༠ བཀའ་བློན་ཁྲི་པ་མཆོག་གིས་དབུས་ཀིརྟི་རིན་པོ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་མཆོག སྤྱི་འཐུས་རྒྱུན་ལས་ཁག་གཅིག དེ་བཞིན་སེར་སྐྱ་སྟོང་ཕྲག་བརྒལ་བའི་དབུས་སུ་བཀའ་ཁྲི་མཆོག་གིས་གོམ་འགྲོས་སུ་ཕེབས་མཁན་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་ལ་ལམ་སྟོན་གསུང་བཤད་གནང་དོན། ཀིརྟི་རིན་པོ་ཆེ་མཆོག་གིས་དབུས་སྐྱབས་ཡུལ་དགེ་འདུན་གྱི་སྡེ་དང་། ལྷག་པར་གོམ་འགྲོས་སུ་ཕེབས་མཁན་གྱི་དགེ་འདུན་རྣམ་པ། བཀུར་འོས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་མཆོག དེ་བཞིན་སེར་སྐྱ་མི་མང་རྣམ་པར་ཞུ་རྒྱུར། ཚང་མས་ཤེས་གསལ་ལྟར་ད་ལྟའི་གནས་སྐབས་ལ་བོད་ནང་དམིགས་བསལ་རྒྱ་གཞུང་གིས་གདུག་རྩུབ་གཉའ་གནོན་འོག་ཛ་དྲག་གི་གནས་ཚུལ་དང་། ལྷག་པར་འདས་པའི་ཟླ་བ་གཅིག་ཡས་མས་ཤིག་གི་རིང་རྔ་པ་ཀིརྟི་དགོན་པར་ཛ་དྲག་གི་གནས་ཚུལ་བྱུང་བ་མ་ཟད། ད་ལྟའི་ཆར་དགོན་པ་ཆགས་འཇིག་གི་མཚམས་སུ་བསླེབས་པའི་གནས་སྟངས་དེ་འདྲ་བྱུང་ཡོད། དེའི་དོན་དུ་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོས་མཚོན་བཙན་བྱོལ་མི་མང་ཚང་མས་རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱལ་ཚོགས། དེ་བཞིན་དྲང་བདེན་དང་ཞི་བདེར་དགའ་བའི་མི་དམངས་ཚང་མར་མྱུར་མགྱོགས་ཀྱི་འབོད་སྐུལ་མང་དག་ཅིག་ཞུས་ཡོད། འོན་ཀྱང་ད་བར་ནུས་པ་ཐོན་པའི་མྱུར་མགྱོགས་དང་རོགས་སྣོན་ཡོད་པའི་རྣམ་པ་ལྟ་བུ་མཐོང་གི་མི་འདུག གལ་སྲིད་དེ་ལྟར་བྱས་ནས་ཕྱིན་ན། ཀིརྟི་དགོན་པས་གཙོས་བོད་ནང་ཡོད་པའི་ཆོས་བྱེད་དགེ་འདུན་གྱི་སྡེ་རྣམས་རིམ་པས་རྩ་མེད་དུ་འགྲོ་རྒྱུ་དང། བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་རྒྱུ་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་ལས་འགུལ་ལམ་ལྷོང་ཡོང་རྒྱུའི་ཉེན་ཁར་སླེབས་ཡོད་པ་ཞིག་རེད། དེའི་དོན་དུ་བྱེས་བཞུགས་བོད་མི་རྣམས་ཀྱིས་རང་རང་སོ་སོའི་སྐབས་དང་བསྟུན་པའི་གདུང་སེམས་མཉམ་སྐྱེ་དང་མཉམ་རུབ་ཐོག་ལས་རིམ་མང་པོ་ཞིག་གནང་དང་གནང་བཞིན་ཡོད། དེ་རིང་ཀིརྟི་བྱེས་པ་གྲྭ་ཚང་གི་དགེ་འདུན་པ་བརྒྱ་སྐོར་ཞིག་གིས་རྡ་ས་ནས་ལྡི་ལི་བར་ཕྱོགས་བསྐྱོད་གནང་རྒྱུའི་འཆར་གཞི་དང། དེ་ཡང་ཚུལ་བཞིན་འདུལ་བ་ལྟར་བྱས་ཏེ་འཚེ་མེད་ཞི་བའི་ལམ་འབའ་ཞིག་གི་སྒོ་ནས་ང་ཚོའི་སེམས་འཚབ་དང་འཇིག་རྟེན་གྱི་འགྲོ་སྟངས་བསྒྲུབ་རྒྱུའི་ཐབས་ཤེས་གནང་གི་ཡོད། གནང་སྟངས་དེ་དངོས་དོན་གྱི་བདེན་པའི་དབུ་འཛུགས་ཀྱི་ལས་རིམ་ཞིག་ལ་རྩིས་ཆོག་གི་རེད། ང་ཚོའི་འཚེ་མེད་ཞི་བའི་ལམ་གྱི་ལས་འགུལ་དེ་ཚོ་འདོད་པ་མཐུན་དང་མ་མཐུན། ལམ་འགྲོ་རྒྱུག་དང་མ་རྒྱུག་ང་ཚོའི་ལུས་ངག་ཡིད་གསུམ་གྱི་འཚེ་བ་མེད་པའི་ལྟ་སྤྱོད་ཇི་ཙམ་གྱི་བརྟན་པོ་དང་ཡང་དག་མིན་ལ་རག་ལུས་ཡོད། སྤྱིར་བཏང་བོད་པའི་དྲང་བདེན་གྱི་འཐབ་རྩོད་དེ་དངོས་གསལ་དོད་པོར་འཚེ་བ་མེད་པ་བྱས་ནས་ལོ་ངོ་ ༤༥ ཙམ་ཕྱིན་ཡོད། འོན་ཀྱང་དོན་དམ་ང་ཚོའི་བསམ་བློའི་ནང་གི་འཚེ་བ་དེ་སྤོང་ཐུབ་ཡོད་མེད་ད་ལྟ་ཡང་ཐེ་ཚོམ་ཆགས་རྒྱུའི་གནས་སྟངས་ཤིག་རེད། དེ་རིང་ཁྱེད་རང་ཚོ་དམིགས་བསལ་དགེ་འདུན་གྱི་སྡེ་ཞིག་གིས་ལས་འགུལ་སྤེལ་གྱི་ཡོད་པར་བརྟེན། ང་ཚོས་འཚེ་བ་མེད་པའི་ལས་འགུལ་དེ་དོན་དམ་འཚེ་བ་མེད་པ་ཞིག་ཡོང་རྒྱུའི་ཐབས་ཤེས་གནང་རོགས་ཞེས་ངས་འབོད་སྐུལ་ཞུ་གི་ཡོད། དེ་ཡང་གཙོ་བོ་འགྲོ་བ་སེམས་ཅན་ཡོངས་ལ་བྱམས་པ་དང་སྙིང་རྗེ། ལྷག་པར་ད་ལྟ་ང་ཚོར་དམིགས་བསལ་གྱི་སྡུག་སྦྱོང་མནར་གཅོད་གཏོང་མཁན་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་ཁོང་ཚོའི་བཀོད་བྱུས་འོག་ཡོད་པའི་དངོས་སུ་འཚེ་བ་ལག་ལེན་བསྟར་མཁན་གྱི་མི་དེ་དག་ལ་བྱམས་པ་དང་སྙིང་རྗེའི་བསམ་པ་བཅང་དགོས་རྒྱུ་དང། མི་དེ་ཚོ་རང་རྒྱལ་གཞན་ཕམ་གྱི་ཉོན་མོངས་པའི་རྣམ་རྟོག་གིས་གཞན་དབང་དུ་སོང་བར་བརྟེན་བརྗོད་དུ་མེད་པའི་མི་དགེ་བའི་བྱ་བ་རླབས་ཆེན་ཞིག་གསོག་བཞིན་ཡོད། དེའི་འབྲས་བུར་སྡུག་བསྔལ་གྱི་རང་བཞིན་ཁོང་ཚོར་ཡུན་རིང་བར་མྱོང་རྒྱུ་ཡིན་པ་སྨྲོས་མེད་ཡིན། ང་ཚོས་ད་ལྟའི་ཁ་གཏད་གཅོག་རྒྱུའི་མི་དེ་དག་ལ་ཞེ་སྡང་དང་ཁོང་ཁྲོའི་རྣམ་པ་སྤུ་ཙམ་ཡང་མེད་པར་བྱམས་པ་དང་སྙིང་རྗེ་ཡང་དག་པ་ཞིག་གི་ཐོག་ནས་ཁོང་ཚོའི་བྱ་སྤྱོད་དེར་ངོ་རྒོལ་བྱེད་ཐུབ་ན། ཏན་ཏན་ནུས་པ་ཐོན་པ་ཞིག་དང་ཕ་རོལ་པོའི་བྱ་བ་དེ་དག་འགོག་ཐུབ་པ་ཞིག་ཡོང་རྒྱུ་ཡིན་པ་བརྗོད་མི་དགོས་པ་ཞིག་རེད་སྙམ་གྱི་ཡོད། དེར་བརྟེན་སྤྱིར་ཚུལ་ཁྲིམས་རྣམ་པར་དག་པས་གཞིར་བཟུང་བའི་ཐོག་སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་ན། ཁྱེད་རྣམ་པས་སྐུ་ལས་བསྐྱོན་པ་དེ་དག་དོན་དང་ལྡན་པ་ཞིག་ཆགས་ཀྱི་ཡོད། དེ་ལྟར་མ་བྱས་པར་ཕྱིར་ཆོས་གོས་རྣམ་གསུམ་གྱོན་པ་གང་ཞིག་ལ་ནང་དུ་ཁོང་ཁྲོ་སོགས་ཀྱི་ཉོན་མོངས་པ་རགས་པ་དེ་དག་མགོ་གནོན་ཐུབ་པ་ཞིག་མ་བྱུང་ན། ད་ལྟ་ཁྱེད་རྣམས་ནས་སྐུ་ལས་བསྐྱོན་པ་དེ་དག་ཆོ་ག་ཕྱག་ལེན་ལྟ་བུ་ཆགས་རྒྱུའི་ཉེན་ཁ་ཡོད། དེར་བརྟེན་ཚང་མས་དགོངས་པ་ཆེར་བཞེས་གནང་རྒྱུ་དེ་གལ་ཆེན་པོ་ཡིན། དཔེར་ན། བར་ལམ་ཞིག་ནས་ང་ཚོའི་ཞི་བའི་གོམ་འགྲོས་གནང་མཁན་ཚང་མས་བྱང་ཆུབ་སེམས་མཆོག་གི་སྨོན་ལམ་ཚིག་བཅད་དེ་འདོན་རྒྱུའི་ལུགས་སྲོལ་ཆགས་ཡོད། འོན་ཀྱང་ཁྱེད་རྣམས་ནས་ཐུགས་ཞིབ་བྱུང་ཡོད་ངེས་ཡིན། བྱང་ཆུབ་སེམས་མཆོག་འདོན་མུས་ཐོག་སྡང་སེམས་དྲག་པོའི་སྒོ་ནས་ཁོང་ཁྲོའི་བརྗོད་ཚིག་བར་བར་ལ་ཡོང་གི་ཡོད་པ་དེ་འདྲ་འདུག ང་ཚོའི་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་རྣམས་འཚེ་མེད་ཞི་བའི་ལྟ་གྲུབ་དང་མཐུན་པ་མ་ཟད། བསམ་བློའི་ནང་བྱང་ཆུབ་སེམས་དཔའི་རྩེ་ཟིན་པ་ཞིག་གནང་ཐུབ་ན། གོམ་པ་གཅིག་སྤོས་ཀྱང་རླབས་ཆེན་གྲུབ་འབྲས་དང་སྤྱི་མཐུན་གྱི་བསོད་ནམས་བསྐྲུན་རྒྱུའི་ཆ་རྐྱེན་ཞིག་ལ་འགྲོ་ངེས་ཡིན་བསམ་གྱི་ཡོད། ཁྱེད་རང་ཚོ་གོམ་འགྲོས་ལ་ཕེབས་མཁན་ཚོ་དང་གྲ་སྒྲིག་གནང་མཁན་ཚང་མའི་བྱ་བ་ལམ་ལྷོང་ཡོང་བའི་ངས་སྨོན་འདུན་དང་རྗེས་སུ་ཡི་རང་ཞུ་གི་ཡོད། ང་ཚོའི་མཉམ་རུབ་ཀྱི་ལས་དོན་འདི་ལ་རྟེན་ནས་བོད་ནང་ཡོད་པའི་མནར་གཅོད་ཀྱིས་སྡུག་བསྔལ་མྱོང་བཞིན་ཡོད་པ་རྣམས་ལ་སེམས་ཚོར་དང་སེམས་འགུལ་ཐེབས་རྒྱུའི་རེ་བ་ཡོད། ཐུགས་རྗེ་ཆེ་ཞེས་གསུང་བཤད་གནང་། དེ་ནས་གོམ་འགྲོས་སུ་ཕེབས་མཁན་རྣམས་ལ་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་ནས་མཇལ་དར་བསྒྲོན་ཏེ། ཁོང་རྣམས་ཀྱིས་བཞུགས་སྒར་ནས་གོམ་འགྲོས་དབུ་འཛུགས་གནང་ཡོད་པ་བཅས། །
བཀའ་ཁྲི་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གོམ་འགྲོས་སུ་ཕེབས་མཁན་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་ལ་ལམ་སྟོན་གསུང་བཤད་གནང་བ།
གསར་གནས།
འབྲེལ་གནས།