༢༠༡༡ ཟླ་ ༤ ཚེས་ ༥ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༥ ལ་ཕེབས་པའི་འཁྲུངས་ཚེས་དུས་སྟོན་ལོ་འཁོར་མོར་སྲུང་བརྩི་ཞུ་བཞིན་ཁོངས་བཀའ་ཤག་གིས་ཆེད་བཙུགས་གནང་བའི་དུས་སྟོན་གོ་སྒྲིག་ཚོགས་ཆུང་ནས་ལས་འཆར་འཆར་འབུལ་ཞུས་ཁོངས་ཀྱི་ལས་རིམ་ ༥ པར་ཕྱི་ཟླ་ ༤ པའི་ནང་བཙན་བྱོལ་བོད་གཞུང་ཐོག་མར་མ་སུ་རིར་དབུ་བརྙེས་པའི་དུས་ཚིགས་དང་བསྟུན་ཏེ་བཙན་བྱོལ་བོད་གཞུང་ལས་ཁུངས་མ་ལག་དང་བཅས་པའི་སྲི་ཞུའི་ལས་བྱེད་ཡོངས་ནས་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བསྐལ་པ་ཁྲི་ཕྲག་ནས་ཁྲི་ཕྲག་གི་བར་དུ་ཁ་བ་ཅན་གྱི་སྐྱེ་འགྲོ་ཡོངས་ཀྱི་མགོན་སྐྱབས་དཔུང་གཉེན་དམ་པར་༸སྐུ་ཚེ་༸ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་པའི་གསོལ་འདེབས་བརྟན་བཞུགས་རྒྱས་འབུལ་དང་། མགོན་པོ་གང་གི་བཀའ་དགོངས་ཇི་བཞིན་སོ་སོའི་ལས་འགན་སྒྲུབ་རྒྱུར་ངོ་ལྐོག་རྒྱབ་མདུན་མེད་པ་ཧུར་བསྐྱེད་ཞུ་རྒྱུའི་དམ་འབུལ་ཞུ་རྒྱུ་བཅས་ཐུགས་གཏན་འཁེལ་ཡོད་པ་ལྟར། གཞུང་ཞབས་འདེམས་བསྐོ་ལྷན་ཁང་བརྒྱུད་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བཀའ་བཞེས་བཟང་པོ་ཐོབ་སྟེ་བོད་རྒྱལ་ལོ་ ༢༡༣༨ ཟླ་ ༢ ཚེས་ ༢༠ དང་། ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༤ ཚེས་ ༢༢ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་གནང་བ་ལྟར་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་མཆོག་གིས་གཙོ་སྐྱོང་གནང་སྟེ་རང་གཞུང་ལས་ཁུངས་ཁག་གི་དྲུང་ཆེ་རྣམས་བརྟན་བཞུགས་གོ་སྒྲིག་ཞུ་ཕྱོགས་དང་འབྲེལ་བའི་ལྷན་འཛོམས་སྔ་རྗེས་གནང་མཐར་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ཞིག་ཟུར་འཛུགས་གནང་ཡོད་པའི་ཚོགས་གཙོར་ཆོས་རིག་དྲུང་ཆེ་ངག་དབང་ཆོས་གྲགས་ལགས་དང་། ཚོགས་མིར་གཞུང་ཞབས་འདེམས་ལྷན་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས། རྩིས་ཞིབ་དྲུང་ཆེ་མགོན་པོ་ཕུན་ཚོགས་ལགས། སྐུ་ཡིག་སྐུ་ངོ་བསྟན་པ་བཟོད་པ་ལགས་བཅས་ལ་ཐུགས་གཏན་འཁེལ་ཞིང་། ལས་ཁུངས་ཁག་ལ་གསལ་བརྡ་ཡིག་ཆུང་སྔོན་སོང་ལྟར་བརྟན་བཞུགས་ཆེད་སྲི་ཞུ་བ་རང་རང་བློས་བཅད་ཀྱི་ཞལ་འདེབས་འབུལ་འབབ་ཇི་ཡོད་འབྲེལ་ཡོད་ལས་ཁུངས་སམ་སྡེ་ཚན་སོ་སོ་བརྒྱུད་ཚོགས་ཆུང་ལ་ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༤ ཚེས་ ༧ ནང་ཚུད་ངེས་འབྱོར་ཐུབ་པ་དང་། དེ་བཞིན་ཚེ་དཔག་མེད་ཀྱི་གཟུངས་སྔགས་གསོག་སྒྲུབ་ཀྱིས་སྒྲུབ་ཐོ་ ༢༠༡༡ ཕྱི་ཟླ་ ༤ ཚེས་ ༢༠ ཉིན་ཕུལ་འབྱོར་ཟིན་པ་དགོས་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། གཞུང་ཞབས་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ནས་ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེ་ ༥ ལ།།

Share with your friends










Submit