༢༠༡༡ ཟླ་ ༤ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༦ ཉིན་རྡ་ས་ཐེག་ཆེན་གཙུག་ལག་ཁང་དུ་བོད་མདོ་སྨད་རྔ་པ་ཁུལ་གྱི་མི་མང་སྤྱི་དང་བཞུགས་སྒར་ཁུལ་ཚོགས་སྐྱིད་ཐུན་མོང་ནས་གོ་སྒྲིག་ཐོག་བོད་ས་ཁྱོན་ལ་ས་བྱི་ཞི་རྒོལ་ཞི་རྒོལ་ཆེན་མོ་བྱུང་ནས་ལོ་གསུམ་འཁོར་བའི་དུས་དྲན་དང་། མདོ་སྨད་རྔ་པ་ཀིརྟིའི་དགོན་གྱི་རྒྱལ་གཅེས་དཔའ་བོ་གྲྭ་ཕུན་ཚོགས་ལགས་ཀྱི་ཞེ་དགུའི་དུས་ཚིགས་སྔ་བསྣུར་གྱིས་གཙོ་བོར་གྱུར་པའི་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་སྐུ་གཤེགས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་དང་། ད་ལྟ་བཙན་འོག་ཏུ་མནར་གཅོད་མྱོང་བཞིན་ཡོད་པ་རྣམས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་རྒྱ་ཆེ་ཞིག་ཚོགས་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༩ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་ནས་ཀིརྟི་རིན་པོ་ཆེ་མཆོག་གིས་སྤོས་སྣེས་སྔོན་བསུས་ཏེ་གདན་ཞུས་ཀྱིས་མཆོད་འབུལ་སྨོན་ལམ་ཚོགས་མགོན་དུ་དབུ་བཞུགས་ཐོག་ཀིརྟི་རིན་པོ་མཆོག་དང་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་མཆོག་གིས་དབུས་རང་གཞུང་བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དྲུང་ཆེ་དང་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་གནས་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ། གཞན་ཡང་གཉུག་མར་གནས་པ། གློ་བུར་ལྷགས་པའི་དགེ་བཙུན་སྔགས་གསུམ། དེ་བཞིན་མི་མང་དང་ཕྱི་རྒྱལ་བ་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༢༠༠༠ བརྒལ་བས་ས༌བྱི་ཞི་རྒོལ་ཆེན་མོའི་སྐབས་ནས་བཟུང་ད་བར་བོད་ཆོལ་གསུམ་གྱི་ཁྱོན་ཡོངས་ནས་རང་དབང་འཐབ་རྩོད་ཀྱི་ཁྲོད་དུ་དཀའ་སྡུག་ཚད་མེད་ངང་རང་རིགས་སྤུན་ཟླ་ཕོ་མོ་སྐྱ་སེར་ཡོངས་དང་། ཉེ་ལམ་ཕྱི་ ༣ ཚེས་ ༡༦ ཉིན་མདོ་སྨད་རྔ་པ་ཀིརྟི་དགོན་གྱི་དགེ་འདུན་པ་ཕུན་ཚོགས་ལགས་ཀྱིས་བོད་བསྟན་སྲིད་རང་དབང་གི་དོན་དུ་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ཞི་རྒོལ་བྱེདསྐབས་རྒྱ་གཞུང་གི་དམག་མིས་ཉེས་རྡུང་བཏང་སྟེ་འདས་གྲོངས་སུ་གྱུར་བ་སོགས་བོད་ཁ་བ་གངས་ཅན་ལྗོངས་ཀྱི་བསྟན་པ་ཆབ་སྲིད་ཆེད་རང་སྲོག་བློས་གཏོང་གིས་འཐབ་རྩོད་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཚེ་རབས་ཕྲེང་བར་བྱས་བསགས་སྡིག་ལྟུང་མ་ལུས་བྱང་ཞིང་དག་ནས་དལ་རྟེན་རིམ་བརྒྱུད་བླ་མེད་རྫོགས་བྱང་གི་གོ་འཕང་མྱུར་དུ་ཐོབ་པ་དང། ལྟོས་བཅས་ཚེ་དང་ལྡན་པ་བོད་ཆོལ་ཁ་གསུམ་གྱི་བོད་མི་རྣམས་རྒྱ་ནག་དམར་པོའི་ཁྲིམས་འོག་ནས་རང་དབང་བྲལ་ཏེ་དཀའ་སྡུག་ཚད་མེད་མྱོང་བཞིན་པ་སྤྱི་དང་། ལྷག་པར་ཉེས་མིང་སྣ་ཚོགས་ཀྱི་བཙོན་དུ་མི་སྤྱོད་ལས་འདས་པའི་མནར་གཅོད་མྱོང་བཞིན་པ། ཁྲིམས་གཅོད་གཅར་རྡུང་དྲག་པོས་ནད་གཅོང་དང་དབང་པོ་སྐྱོན་ཅན་ཆགས་པ། རང་ཁྱིམ་དུ་སྡོད་དབང་བྲལ་ཏེ་རི་དྭགས་བཞིན་རི་ལུང་ནགས་གསུམ་དུ་གབ་ནས་སྡོད་དགོས་བྱུང་བ། གོ་མཚོན་ཐོགས་པའི་དྲག་པོའི་དམག་དཔུང་དང་སྐོར་སྲུང་བས་དམ་བསྒྲགས་འོག་ཉིན་མཚན་འཁྱོལ་དཀའ་བའི་འཇིགས་སྐྲག་ངང་གནས་བཞིན་པའི་ཆོལ་གསུམ་བོད་མི་སེར་སྐྱ་རྒན་གཞོན་ཡོངས་ཀྱི་བགེགས་བར་ཆད་དང་དཀའ་སྡུག་འཇིགས་སྐྲག་ཐམས་ཅད་ལྷག་མེད་མྱུར་དུ་ཞི་ནས་བདེ་ལྡན་རིང་པོར་འཚོ་བ་དང་། ཆོས་སྲིད་རང་དབང་བདེ་སྐྱིད་དཔལ་ལ་སྤྱོད་པ་བཅས་ཀྱི་ཆེད་དུ་དམིགས་ནས་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་བརྒྱ་ཚར་དང་འབྲེལ། ༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་དང་མ་ཎི་གསུང་སྟེ་སྨོན་ལམ་བཏབ་པ་དང། འདུས་ཚོགས་ལ་བསྙེན་བཀུར་མང་ཇ་བཞེས་བག་དང། དགེ་འདུན་སྔགས་གསུམ་ལ་རྡ་སར་གནས་སྡོད་རྔ་པ་ཁུལ་གྱི་མི་མང་དང་ཚོགས་པ་ཁག་ཐུན་མོང་ནས་སྐུ་འགྱེད་བཅས་འབུལ་ལམ་ཞུས་ཏེ་མཆོད་འབུལ་སྨོན་ལམ་གསུང་ཡོད་པ་བཅས། །
༸གོང་ས་མཆོག་དབུ་བཞུགས་ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་ཚོགས་པ།
གསར་གནས།
འབྲེལ་གནས།