༢༠༡༡ ཟླ་ ༤ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༤ རེས་གཟའ་ཕུར་བུའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལི་མི་རིཀ་གཙུག་ལག་སློབ་གྲྭའི་རྩེད་ཐང་ཆེན་མོར་མང་ཚོགས་ ༣༠༠༠ བརྒལ་བ་ཙམ་ལ་བཟོད་པའི་ནུས་སྟོབས། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཏེ་ཁུལ་དེར་རེ་ཞིག་མཛད་འཆར་ལེགས་པར་མཇུག་སྒྲིལ་མཛད་ཡོད།
དེ་ཡང་མགོན་པོ་གང་ཉིད་མཆོག་ཐད་འཕུར་གནམ་གྲུ་ནས་རྩེད་ཐང་དུ་༸ཞབས་སོར་འཁོད་མཚམས་སྟོན་འཁོར་ལྷན་རྒྱས་མང་ཚོགས་སར་ཆིབས་སྒྱུར་སྐྱོང་སྐབས་རྩེད་ཐང་ཕེབས་ལམ་དུ་འབུ་སྲིན་ཞིག་གཟིགས་ཏེ་སྐུ་འཁོར་ཞིག་ལ་འབུ་སྲིན་དེར་གནོད་འཚེ་མི་ཡོང་ཆེད་ས་ཕྱོགས་གཞན་ཞིག་ལ་སྐྱེལ་དགོས་པའི་བཀོད་མངགས་མཛད།
སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་གཙུག་ལག་སློབ་གཉེར་ཁང་གི་རྩེད་ཐང་དུ་དགེ་ལས་སློབ་ཕྲུག་དང་མི་མང་རྣམས་ལ་བྱམས་པ་དང་བཟོད་བསྲན་སོགས་ཀྱི་ནུས་སྟོབས་སྐོར་བཀའ་སློབ་སྩལ་དོན། རང་གི་གཉེན་ཉེ་གཅིག་པུར་མིན་པར་རང་དང་དངོས་སུ་འབྲེལ་བ་གང་ཡང་མེད་པའི་མི་གཞན་དང་། དེ་ནས་རིམ་བཞིན་རང་ཉིད་ལ་དངོས་སུ་གནོད་པ་སྐྱེལ་མཁན་གྱི་དགྲ་བོའི་བདེ་དོན་ལའང་བསམ་བློ་གཏོང་རྒྱུ་དང་ཁོང་ཚོའི་བདེ་དོན་ལ་སེམས་འཚབ་བྱེད་རྒྱུ་གལ་ཆེན་པོ་ཡིན། དེ་འདྲའི་བྱམས་བརྩེའི་ཀུན་སློང་དེ་ཕྱོགས་ལྷུང་མེད་པ་དང་ཡང་དག་པ་ཞིག་ཡིན་པ་མ་ཟད། ཚད་མེད་པ་དང་གཞལ་དུ་མེད་པ་ཞིག་ཀྱང་ཆགས་རྒྱུ་ཡིན། དེ་འདྲ་ཞིག་ང་ཚོས་ལག་སྟར་བྱེད་ཐུབ།
བྱམས་བརྩེ་དང་བཟོད་སྒོམ། མཛའ་བརྩེའི་འདུ་ཤེས་སོགས་ནི་ཆོས་ལུགས་ཚང་མའི་ནང་ཡོད་པའི་བསླབ་བྱ་གཙོ་བོ་ཞིག་ཆགས་ཡོད། ངོས་ཀྱི་མི་ཚེའི་ནང་འགན་ཁུར་གསུམ་ཡོད་པ་ལས་དང་པོ་དེ་བྱམས་པ་དང་བརྩེ་བ་སོགས་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུ་དང་། གཉིས་པ་དེ་འཛམ་གླིང་ནང་ཆོས་ལུགས་འདྲ་མིན་ཡོད་པ་རྣམས་ཕན་ཚུན་མཐུན་སྒྲིལ་ཡོང་ཐབས་བྱེད་རྒྱུ་དེ་ཡིན།
ཞེས་སོགས་ཀྱི་བཀའ་སློབ་ཟབ་རྒྱས་སྩལ་བ་མ་ཟད། ལྷག་པར་ཕ་མ་དང་དགེ་རྒན་ཚོས་གཞོན་སྐྱེས་རྣམས་ལ་ཤེས་ཡོན་ལམ་ལུགས་དང་རང་གི་ཉིན་རེའི་སྒོ་གསུམ་གྱི་སྤྱོད་ལམ་བརྒྱུད་ཕྲུ་གུ་ཚོར་བྱམས་བརྩེའི་སྐོར་གོ་རྟོགས་སྤེལ་དགོས་རྒྱུ་དང་སྦྱོང་བརྡར་སྤྲོད་དགོས་སྐོར་བཀའ་སློབ་སྩལ།
སྐབས་དེར་༸གོང་ས་མཆོག་སྐུ་བཞེངས་ཐོག་ཆུད་ཚོད་གཅིག་དང་ཕྱེད་ལྷག་ཙམ་རིང་བཀའ་སློབ་སྩོལ་སྐབས་མང་ཚོགས་རྣམས་ཀྱིས་ཐེངས་གཉིས་ཙམ་ཡར་ལངས་ཏེ་དགའ་བསུའི་ཐལ་མོ་དྲག་ཏུ་བརྡབས་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་གྲུབ་མཚམས་སློབ་ཕྲུག་ ༣༠ ཙམ་གྱིས་དམིགས་བསལ་གོ་སྒྲིག་བྱས་པའི་བཟོད་སྒོམ་སྐོར་མཉམ་གཞས་ཤིག་གཟིགས་འབུལ་ཞུས་ཡོད། མཛད་སྒོ་གྲོལ་མཚམས་མགོན་པོ་གང་ཉིད་མཆོག་ཨ་ཡེར་ལན་ཌིའི་ཁུལ་གྱི་མཛད་འཆར་ཁག་ལེགས་པར་གྲུབ་སྟེ་སུ་ཝི་ཌན་ནང་ཆིབས་ཞལ་བསྒྱུར་ཡོད་པ་བཅས།།