༢༠༡༡ ཟླ་ ༣ ཚེས་ ༢༥ རེས་གཟའ་པ་སངས།
༅༅། །ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༥ ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་རྒྱ་རིགས་རྩོམ་པ་པོ་ཀྲུའུ་རུ་ཝི་ལགས་ཀྱིས་བརྩམས་པའི་དུས་བཟང་གི་ལྷ་ས་ཞེས་པའི་དཔེ་དེབ་གཅིག་བོད་གཞུང་ཕྱི་དྲིལ་བཀའ་བློན་སྟག་ལ་སྐལ་བཟང་དབྱངས་སྐྱིད་མཆོག་གིས་དབུ་འབྱེད་གནང་ཡོད། དེ་ཡང་གོང་ཚེས་ཀྱི་སྔ་དྲོ་ཆུ་ཚོད་ ༩ པ་ཡོལ་ཙམ་ལ་ཕྱི་དྲིལ་བཀའ་བློན་མཆོག་གིས་དབུས་ཕྱི་དྲིལ་དྲུང་ཆེ་རྣམ་གཉིས་དང་ཕྱི་ནང་གི་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༢༥ ཙམ་འདུ་འཛོམས་བྱུང་བའི་ཐོག་དཔེ་དེབ་དབུ་འབྱེད་ཀྱི་གསར་འགོད་གསལ་བསྒྲགས་ཤིག་གནང་ཡོད། དེ་ཡང་ཐོག་མར་རྒྱ་རིགས་རྩོམ་པ་པོ་ཀྲུའུ་རུ་ཝི་ལགས་ཀྱིས་གསར་དུ་བརྩམས་པའི་དེབ་དེ་ངོ་སྤྲོད་གནང་དོན། བཙན་བྱོལ་བོད་གཞུང་གིས་ངོས་ནས་ངའི་དེབ་འདི་དེ་རིང་འགྲེམས་སྤེལ་དང་དེའི་སྐོར་སྐད་ཆ་ཤོད་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང། དེ་བཞིན་ཕྱི་དྲིལ་བཀའ་བློན་མཆོག་གྲོས་ཚོགས་ཀྱི་ལས་བྲེལ་ཆེ་ཡང་འདིར་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱ་ནག་གཞུང་གིས་ད་བར་ཕྱི་ལོ་ ༡༩༥༩ གོང་གི་བོད་དེ་ཆེས་མུན་ནག་དང། ཆེས་གདུག་རྩུབ། ཆེས་རྗེས་ལུས་ཀྱི་སྤྱི་ཚོགས་ཤིག་ཡིན་སྐོར་དྲིལ་བསྒྲགས་བྱེད་ཀྱི་ཡོད་ལ། ང་རང་ཆུང་དུས་སྐབས་དེ་དག་གོ་ཐོས་བྱུང་བར་བརྟེན་བོད་གཞུང་གི་སྐུ་དྲག་གི་རྒྱུད་པ་དེ་ཆེས་མུན་ནག་གི་ནང་ནས་ཆེད་གདུག་རྩུབ་ཅན་ཞིག་ཡིན་པ་རྒྱ་ནག་གཞུང་གིས་ང་ཚོར་སློབ་གསོ་དང་གནས་ཚུལ་འདི་ལྟ་བུ་མཁོ་སྤྲོད་བྱེད་ཀྱི་ཡོད། ཕྱིས་སུ་ང་རང་དངོས་སུ་བོད་ནང་ཕྱིན་ཏེ་འཚོ་བཞུགས་ཡོད་པའི་བོད་པའི་སྐུ་དྲག་མང་པོ་ཞིག་ཐུག་ནས་འབྲེལ་བ་བྱེད་སྐབས་བོད་ཀྱི་སྐུ་དྲག་རྣམས་ནི་བོད་ཀྱི་རིག་གཞུང་མཚོན་ཆེད་ལྟ་བུ་ཞིག་རེད་འདུག བོད་ཀྱི་སྤྱི་ཚོགས་ནང་སྐུ་དྲག་གི་བརྒྱུད་རིམ་ཡོད་པས་གང་མཚོན་གྱི་ཡོད་དམ་ཞུས་ན། བོད་ཀྱི་སྤྱི་ཚོགས་དེ་སྔ་མོ་ཧ་ཅང་གི་ཞི་བདེ་ལྷིང་འཇགས་དང་བྱམས་བརྩེ་ལྡན་པ་ཞིག་རེད་འདུག རྒྱ་ནག་ནང་ཆ་བཞག་ན་ཁྲིམས་འགལ་བྱས་ཏེ་མི་ཕྱུག་པོ་ཆགས་པ་མ་གཏོགས་སྐུ་དྲག་རིགས་མེད། རྒྱ་ནག་གི་སྤྱི་ཚོགས་དེ་ལོ་ངོ་སྟོང་ཕྲག་མང་པོ་ནས་མི་མང་དང་གཞུང་འཛིན་གཉིས་དབར་དུས་རྟག་ཏུ་མཐུན་སྒྲིག་ཡོང་གི་མེད་སྟབས་སྤྱི་ཚོགས་ནང་བདེ་འཇགས་རྩ་བ་ནས་མེད། ངའི་དེབ་འདིའི་ནང་ཕྱི་ལོ་ ༡༨༨༠ ནས་ ༡༩༦༠ བར་གྱི་བོད་པའི་སྤྱི་ཚོགས་ནང་གི་ཞིང་པ་དང་འབྲོག་པ་སོགས་འདྲ་མིན་གྱི་འཚོ་བའི་སྐོར་དེབ་འདིའི་ནང་བྲིས་ཡོད། དེབ་འདིའི་ནང་གི་ལོ་རྒྱུས་དེ་དག་ང་རང་གི་འཆར་སྣང་གི་ཐོག་ནས་བྲིས་པ་ཞིག་མིན། དེབ་འདིའི་ནང་གི་སྒྲུང་དང་མིའི་མིང་དེ་དག་ངོ་མ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་གྲུབ་བསྟུན་ཕྱི་དྲིལ་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། དེ་རིང་ང་རང་ལས་བྲེལ་ཆེ་བའི་སྐབས་སུ་འདིར་བཅར་དགོས་པའི་རྒྱུ་མཚན་གཅིག་ནི། རྒྱ་རིགས་གཅིག་གིས་བོད་ནང་གི་གནས་ཚུལ་དེ་ཡང་སྒྲུང་ཙམ་མིན་པར་བོད་ནང་དངོས་སུ་ཡོད་པའི་མི་སྣ་ལྷག་པར་ལྷ་ཀླུའི་ལྕམ་དབྱངས་འཛོམས་ཚེ་རིང་ལགས་ཀྱིས་ལོ་རྒྱུས་དངོས་ཡོད་གང་ཡིན་པ་ལྷ་ས་ཕྱོགས་སུ་དངོས་སུ་ཕེབས་ཏེ་ཉམས་ཞིབ་གནང་སྟེ་བྲིས་པ་ཞིག་རེད་འདུག དེ་བཞིན་བོད་པའི་ཆོས་དང་། རིག་གཞུང་། བཟང་སྤྱོད་དང་ལྡན་པའི་ཉིན་རེའི་འཚོ་བའི་ལོ་རྒྱུས་བརྒྱུད་སྔ་མོ་བོད་ཀྱི་གནས་སྟངས་ཇི་ལྟར་ཡིན་མིན་དངོས་ཡོད་ཀྱི་གནས་ཚུལ་བཀོད་ཡོད་ཅེས་གསུངས་བཞིན་འདུག ལོ་ལྔ་བཅུ་ལྷག་ཙམ་རིང་བོད་ནང་དཀའ་ངལ་འཕྲད་རྗེས་བོད་མི་རྣམས་དུས་ད་ལྟའང་ཉིན་རེའི་མི་ཚེ་དེ་འཇིགས་སྣང་འོག་གནས་བཞིན་ཡོད། དེ་ལྟ་བུའི་དུས་ཚོད་སྐབས་རྒྱ་རིགས་བུད་མེད་གཅིག་གིས་བོད་པའི་གནས་སྟངས་གང་འདྲ་ཡིན་མིན་རྒྱལ་སྤྱིའི་ནང་དཔེ་དེབ་ཀྱི་ལམ་ནས་བཏོན་ཐུབ་པ་དེར་བསྔགས་བརྗོད་ཞུ་རྒྱུ་དང། དེ་བཞིན་བོད་པའི་དངོས་ཡོད་གནས་ཚུལ་ར་སྤྲོད་གནང་རྒྱུ་དེ་ཧ་ཅང་གི་གལ་འགངས་ཆེན་པོ་ཞིག་ཆགས་ཡོད། རྒྱ་ནག་གཞུང་གིས་གསལ་བསྒྲགས་ནང་དུས་རྟག་ཏུ་བོད་པ་ཚོ་གདུག་རྩུབ་ཡིན་ལུགས་དང་ལྷག་པར་དུ་སྐུ་དྲག་རིགས་ཀྱིས་མི་མང་ལ་བཤུ་གཞོག་བཏང་ཡོད་པ་སོགས་ཚད་ལས་བརྒལ་བ་ཞིག་བརྗོད་མུས་ཡིན། དེབ་འདི་བརྒྱུད་རྒྱལ་སྤྱིའི་ནང་བོད་པའི་དངོས་ཡོད་གནས་ཚུལ་ར་སྤྲོད་རྒྱུར་ཕན་ཐོགས་ཆེན་པོ་ཆགས་ཀྱི་ཡོད། བོད་ནང་གི་གནས་སྟངས་ཛ་དྲག་པོ་དང་རྒྱ་ནག་གཞུང་གིས་དམ་བསྒྲགས་ཤུགས་ཆེ་འོག་བོད་ནང་ཕེབས་ཏེ་བོད་པའི་དངོས་ཡོད་གནས་ཚུལ་བརྩམས་གནང་བ་དེར་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུ་གི་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་ནས་ཕྱི་དྲིལ་བཀའ་བློན་མཆོག་གིས་༼དུས་བཟང་གི་ལྷ་ས་༽ཞེས་པའི་དཔེ་དེབ་དེ་དབུ་འབྱེད་གནང་གྲུབ་བསྟུན་ཀྲུའུ་རུ་ཝི་ལགས་ཀྱིས་གསར་འགོད་པ་ཁག་གི་དྲི་བར་ལན་འདེབས་ཀྱང་གནང་ཡོད་པ་བཅས།།
རྒྱ་རིགས་རྩོམ་པ་པོ་ཀྲུའུ་རུ་ཝི་ལགས་ཀྱིས་བརྩམས་པའི་དུས་བཟང་གི་ལྷ་ས་ཞེས་པའི་དཔེ་དེབ་དབུ་འབྱེད་གནང་བ།
གསར་གནས།
འབྲེལ་གནས།