ཟླ་བ་ ༣ ཚེས ༤ ༢༠༡༡

༄༅། །སྔ་ལོ་མེའི་སོར་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་གནང་བའི་མཐའ་དོན་བསམ་འཆར་ཕྱོགས་བསྡོམས་སྙན་ཐོའི་ཤེས་ཡོན་དང་འབྲེལ་བའི་སྐོར་གྱི་དོན་ཚན་ ༦ པར་༼བོད་མིའི་ཐུན་མོང་མ་ཡིན་པའི་ཤེས་རིག་གཙོ་གྱུར་རང་གི་སྐད་ཡིག་དང་། རིག་གཞུང་སོགས་ལ་རག་ལས་སྟབས་ད་ཆ་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་འབྲེལ་ཡོད་ཁག་ནས་རང་རེའི་རྩ་ཆེའི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་སླད་ལག་བསྟར་བྱ་སའི་ཁོར་ཡུག་བསྐྲུན་རྒྱུ་དང། ཆེ་མཐོང་དགོས་ངེས་ཀྱི་རྒྱབ་སྐྱོར་སོགས་གནང་གལ་ཆེ༽ ཞེས་སྤྱི་མོས་གྲོས་འཆམ་བྱུང་བ་བཞིན། བཙན་བྱོལ་བོད་གཞུང་གིས་སྐད་ཡིག་བདག་གཅེས་ཀྱི་རྩ་འཛིན་སྲིད་བྱུས་གཏན་འབེབས་ཡོད་པ་ལྟར་འཛིན་སྐྱོང་ཚན་པའི་དབུས་དང་ཕྱོགས་མཐའི་ལས་ཁུངས་ཕན་ཚུན་དབར་གཞུང་འབྲེལ་གནས་འབྲེལ་རྣམས་བོད་ཡིག་ཁོ་ནའི་ཐོག་གནང་དང་གནང་བཞིན་དུ་ཡོད། དེ་བཞིན་གཞིས་བཞུགས་བོད་རིགས་རྒྱལ་གཅེས་པ་སྤྱི་དང་ལྷག་པར་བཙན་གནོན་འོག་འཚར་ལོང་བྱུང་བའི་གཞོན་སྐྱེས་མང་པོས་རང་གི་སྐད་ཡིག་གི་དོན་དུ་རྒྱ་གཞུང་དབང་འཛིན་པས་ཐབས་བྱུས་སྣ་ཚོགས་ཀྱི་ལམ་ནས་འགོག་རྐྱེན་མུ་མཐུད་བཟོས་པར་ངལ་བ་བརྒྱ་ཕྲག་ཁྱད་བསད་དང་མཐར་གཅེས་པའི་སྲོག་ཚུན་བློས་བཏང་གིས་ཞི་བའི་འབོད་སྐུལ་གནང་བཞིན་པ་ཚང་མས་མཁྱེན་ཆུབ་ལ་སོང། རྒྱལ་ཁབ་དང་མི་རིགས་ཤིག་གི་ངོ་བོ་མཚོན་པའི་སྲོག་རྩ་ཉག་གཅིག་ནི་དེའི་སྐད་ཡིག་དང་ལེགས་བྱང་ཡིན་པས་དེ་དག་སྲུང་སྐྱོབ་དང་དར་སྤེལ་བྱ་རྒྱུ་ནི་མི་རིགས་དེའི་ལོ་རྒྱུས་ཀྱི་འགན་འཁྲི་ཡིན་པར་ངོས་འཛིན་ཐུབ་པ་བྱས་ཏེ། བཙན་བྱོལ་བོད་མིའི་སྤྱི་ཚོགས་སྤྱི་དང་ལྷག་པར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཅས་ནས་ཕྱི་མིར་འབྲེལ་ལམ་ཕུད་པའི་ནང་ཁུལ་གནས་འབྲེལ་རྣམས་བོད་ཡིག་ཁོ་ནའི་བརྒྱུད་ལམ་སྤྱོད་རྒྱུ་ཚོགས་ཆེན་གྱི་སྤྱི་མོས་དགོངས་འཆར་ལྟར་ཕྱག་བསྟར་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན་པའི་གསལ་བསྒྲགས་སུ། བོད་གཞུང་བཀའ་ཤག་ནས་ ༢༠༡༡ ཟླ་ ༣ ཚེས་ ༣ ལ།། །།

Share with your friends










Submit