༢༠༡༡ ཟླ་ ༣ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༣ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་གཞུང་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་གྱི་མཛད་སྒོར་གསུང་བཤད་གནང་དོན། དེ་རིང་འདིར་བཙན་བྱོལ་བོད་གཞུང་གི་དབུས་སྨན་རྩིས་ཁང་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་དུས་དྲན་གྱི་མཛད་སྒོར་༸ཞབས་ཀྱི་པདྨོའི་རྣམ་པར་བཀོད་པའི་འཛམ་གླིང་ཞི་བདེའི་དེད་དཔོན། གཞིས་བྱེས་བོད་མི་ཡོངས་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་ཕུལ་ཏེ། སྐྱབས་གནས་དགེ་འདུན་པ་རྣམས་དང་། བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་ལས་ཟུར་རྣམ་པ། གཞན་ཡང་ས་གནས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སྡེ་ཚན་དང་ཚོགས་པ་ཁག་གི་འགན་འཛིན་དང་སྐུ་ཚབ་རྣམ་པ། ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། ལྷག་པར་དབུས་སྨན་རྩིས་ཁང་གི་འགན་འཛིན་མཆོག་གིས་དབུས་བླ་སྨན་ཞབས་ཞུ་བ་རྣམ་པ་དང་། ཡན་ལག་ཁག་གི་འགན་འཛིན་རྣམ་པ། སྨན་པ་རྣམ་པ་དང་། ལས་བྱེད་ཆེ་ཕྲ། སློབ་ཕྲུག་རྣམ་པ་བཅས་ལྷན་རྒྱས་ཚང་མར་ངས་དེ་རིང་བོད་གཞུང་དབུས་སྨན་རྩིས་ཁང་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ལྔ་བཅུ་ཐམ་པ་འཁོར་བའི་དུས་དྲན་མཛད་སྒོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་མ་འོངས་སྔོན་གཟིགས་ཀྱི་རླབས་ཆེན་དགོངས་གཞི་ལྟར་སྨན་རྩིས་ཁང་འདི་བཞིན་ཐོག་མར་ཕྱི་ལོ་ ༡༩༦༡ ལོར་དབུ་འཛུགས་གནང་སྟེ་༸སྐུའི་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་མཆོག་དང་། དུས་འཁོར་བ་བློ་གྲོས་རྒྱ་མཚོ་མཆོག་རྣམ་གཉིས་ནས་སྨན་དང་རྩིས་སོ་སོའི་ཐུགས་འགན་བཞེས་ཏེ་སློབ་ཕྲུག་ཉུང་ངུ་ཞིག་བསྡུ་བསྐོང་གིས་སློབ་སབྱོང་འགོ་འཛུགས་དང་། སྨན་བཟོ་བསྐྲུན། ནད་པར་བརྟག་དཔྱད་དང་སྨན་སྤྲོད། ལོ་ཐོ་འདོན་སྤེལ་སོགས་སྐབས་དེར་གཞི་རྒྱ་ཆེན་པོ་མེད་ནའང་གང་ཅིའི་མཐུན་རྐྱེན་འཛོམས་མིན་གྱི་དཀའ་ངལ་སྣེ་མང་ལ་གདོང་ལེན་རྒྱུུན་མཐུད་གནང་བའི་རྨང་གཞིའི་ཐོག་རིམ་པས་རྒྱ་བསྐྱེད་ཀྱིས་སྨན་སློབ་དང་། རྩིས་སློབ་རིམ་པར་ཐོན་ཞིང་། ལྷག་པར་བོད་ནས་བླ་སྨན་ཞིང་གཤེགས་དམ་པ་བསྟན་འཛིན་ཆོས་གྲགས་མཆོག་གིས་གཙོས་པའི་སྨན་པ་བགྲེས་གཞོན་གང་ཙམ་རིམ་པར་ཕེབས་ཐུབ་པ་བཅས་ཀྱིས་ད་ལྟའི་སྨན་རྩིས་ཁང་འདིར་འཛིན་སྐྱོང་དང་རིག་གཞུང་གི་སྡེ་ཚན་ཇེ་མང་རྒྱ་བསྐྱེད་དང་བཅས་ཡར་རྒྱས་འདི་ལྟ་བུ་བྱུང་བ་ནི་མགོན་པོ་གང་ཉིད་ཀྱི་དགོངས་གཞི་གཙོ་བཟུང་བསྒྲུབ་བྱའི་དམིགས་ཡུལ་བཞིན་བོད་གཞུང་སྨན་རྩིས་ཁང་ཐོག་མར་ཟུར་འཛུགས་བསྐྱངས་པའི་བཀའ་དྲིན་དང་། དེའི་ཐོག་དབུ་འཛིན་རིམ་པ་དང་། སྨན་པ་རྣམ་པ། ལས་བྱེད་རིམ་པ་བཅས་ཀྱིས་དཀའ་ལས་བརྒྱབ་པའི་འབྲས་བུར་སྨན་རྩིས་མཐོ་སློབ་ཁང་འདི་ནས་སྨན་པ་ཚད་ལྡན་ན་གཞོན་བརྒྱ་ཕྲག་མང་པོ་སློབ་ཐོན་གྱིས་དེང་སྐབས་སྨན་རྩིས་ཁང་དབུས་མ་དང་། བོད་མི་འདུ་སྡོད་ས་ཁུལ་ཕལ་མོ་ཆེར་ཡན་ལག་སྨན་ཁང་ཡོད་པ་ཁག་གི་ནང་ཞབས་འདེགས་ཞུ་མུས་དང་། དབུས་སྨན་རྩིས་ཁང་ནས་སློབ་ཐོན་དང་། བོད་མི་སྒེར་ཁག་ནས་ཀྱང་ཧི་མ་ལ་ཡའི་ས་ཁུལ་ཁག་སོགས་སུ་སྒེར་གཉེར་བོད་མིའི་སྨན་ཁང་བཙུགས་པ་སོགས་ལ་བརྟེན་ནས་ཉེ་འཁོར་རྒྱལ་ཁབ་ཙམ་མིན་པར་དེང་སྐབས་འཛམ་གླིང་ཤར་ནུབ་ཡུལ་གྲུ་གང་སར་འགྲོ་ཕན་ཞབས་འདེགས་རྒྱ་ཆེ་བསྒྲུབས་དང་སྒྲུབ་བཞིན་པར་རྒྱལ་སྤྱིའི་མང་ཚོགས་ཁྲོད་ནས་བོད་ཀྱི་གནའ་བོའི་རིག་གཞུང་ཁྱད་ནོར་ལ་གདེང་འཇོག་དང་བསྔགས་བརྗོད་ཐོབ་བཞིན་པར་རང་རེ་བོད་མི་རྣམས་ནས་དགའ་སྤོབས་བྱ་འོས་དང་། ད་དུང་བོད་གཞུང་སྨན་རྩིས་ཁང་གི་སྒྲིག་འཛུགས་འདིས་སྨན་དང་རྩིས་ཀྱི་བསྟན་པའི་ཆ་ལག་དང་བཅས་པ་མི་ཉམས་གོང་འཕེལ་རྒྱུད་འཛིན་དང་། རང་རེ་ན་གཞོན་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཡུལ་མི། དེ་མིན་ཕྱི་རྒྱལ་མི་རིགས་གཞན་བཅས་མི་ཉུང་བར་སྨན་རྩིས་ཀྱི་རིག་གཞུང་ངོ་སྤྲོད་ཁྱབ་སྤེལ། ནད་ཀྱིས་མནར་བའི་སྐྱེ་འགྲོ་གྲངས་ལས་འདས་པར་ལག་ལེན་དངོས་ཀྱི་ཐོག་ནས་ཕན་ནུས་སྒྲུབ་ཐུབ་པ། རང་རིགས་གྲྭ་སྔགས་བཙུན་གསུམ་དང་། སྲི་ཞུའི་གཞུང་ཞབས་པ། བོད་ནས་གསར་དུ་འབྱོར་བ། དེ་བཞིན་ནད་གཅོང་ཉམ་ཐག་དང་། རྒས་འཁོགས་སོགས་ལ་སྨན་སྦྱིན་ཆ་ཚང་དང་། ཆག་ཡང་གི་སྒོ་ནས་ཕན་ཐོགས་རྒྱ་ཆེ་གནང་དང་གནང་བཞིན་པ། དེ་བཞིན་སྐར་དཔྱད་རྩིས་རིག་སྡེ་ཚན་ནས་ཀྱང་ལོ་ཐོ་རྒྱས་བསྡུས་དང་། ཚེ་རྩིས་དང་ཀེག་རྩིས་སོགས་སྤྱི་སྒེར་གང་སར་རྩིས་འབྲས་གང་མང་བཏོན་དང་འདོན་བཞིན་པ། སྲུང་འཁོར་སྣ་ཚོགས་སོགས་ཀྱིས་སྐྱེ་འགྲོ་མང་པོར་ཕན་བདེ་བསྒྲུབས་དང་སྒྲུབ་བཞིན་པ། ལྷག་པར་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་སྤྱི་ནོར་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་ཀྱི་ཞབས་ཞུ་བསྒྲུབས་དང་སྒྲུབ་བཞིན་པ་སོགས་ད་ཆ་རང་སྐྱ་འཕེར་བའི་སྒྲིག་འཛུགས་བསྔགས་པར་འོས་པ་ཞིག་ཆགས་ཡོད་པ་མ་ཟད། སྨན་རྩིས་ཁང་གི་ལོ་རེའི་ཡོང་འབབ་ནས་བརྒྱ་ཆ་ ༡༥ རེ་རང་གཞུང་གི་འགྲོ་གྲོན་ལ་ཕན་པ་འབུལ་དང་འབུལ་མུས་དེས་ཀྱང་བཙན་བྱོལ་བོད་གཞུང་གི་སྔོན་རྩིས་འགྲོ་གྲོན་ལ་ཕྱར་གྲུ་མཉམ་འདེགས་གང་ལེགས་ཡོང་བཞིན་ཡོད།མདོར་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་ ༣ པའི་དོན་ཚན་ ༡༨ པའི་ནང་མང་ཚོགས་ཀྱི་འཕྲོད་བསྟེན་དང་། གཙང་སྦྲ། སྨན་བཅོས་ཀྱི་མཐུན་རྐྱེན་འདང་ངེས་ཡར་རྒྱས་གཏོང་རྒྱུ་དང་། འཁོས་དམན་རྣམས་ལ་རིན་མེད་སྨན་སྦྱིན་སྤྲོད་ཐབས་བྱ་རྒྱུ་དང་། གཅོང་ནད་དང་། འགོས་ནད་རིགས་སྔོན་འགོག་དང་། དམིགས་བསལ་སྨན་བཅོས་བྱ་རྒྱུ། ཁོར་ཡུག་སྲུང་སྐྱོབ་ཀྱི་སློབ་སྟོན་བྱ་རྒྱུ་ཞེས་དང་། ཁྱད་པར་བོད་ཀྱི་གནའ་སྲོལ་སྨན་གྱི་ལག་ལེན་དང་། སྨན་སྦྱོར། བོད་ཀྱི་གསོ་རིག་དང་དེང་རབས་ཀྱི་གསོ་རིག་དབར་ཕན་ཚུན་གོ་བསྡུར་ཉམས་ཞིབ་ཡར་རྒྱས་གཏོང་ཐབས། བོད་སྨན་གྱི་སྨན་སྦྱོར་ལག་ལེན་བསྟར་ཕྱོགས་ཚད་ལྡན་ཡོང་ཐབས་བྱ་རྒྱུ་བཅས་ཀྱི་སྐོར་གསལ་བའི་དོན་གནད་གང་ཙམ་ཞིག་དབུས་སྨན་རྩིས་ཁང་ནས་ལག་བསྟར་ཉམས་ལེན་གནང་དང་གནང་བཞིན་ཡོད་པ་ད་དུང་མུ་མཐུད་ཤུགས་སྣོན་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ། དེང་སྐབས་རྒྱ་གར་གཙོས་འཛམ་གླིང་ཡུལ་གྲུ་གང་ས་ནས་བོད་སྨན་བསྟེན་སྤྱོད་བྱེད་མཁན་གཞི་རྒྱ་ཇེ་ཆེར་འགྲོ་དང་འགྲོ་བཞིན་པར་བརྟེན་བོད་སྨན་གྱི་ཐོན་སྐྱེད་ཚད་ལྡན་དང་། འདང་ངེས་བཟོ་སྐྲུན་བྱ་གལ་ཤིན་ཏུ་ཆེ་བས་སྨན་རྒྱུ་མཁོ་སྒྲུབ་དང་། སྨན་རྩ་འདེབས་ལས་ཐུབ་ཐབས་སོགས་ལ་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་དང་། དེ་བཞིན་ཡན་ལག་སྨན་ཁང་གསར་འཛུགས་དགོས་གལ་གྱི་ཆ་རྐྱེན་ཚང་རིགས་ཀྱི་ས་གནས་ཁག་ལ་ཡན་ལག་སྨན་ཁང་གསར་འཛུགས་ཐུབ་ཐབས་འབད་རྩོལ་གནང་ལེགས། སྔ་ལོ་ནས་བོད་ཀྱི་གསོ་བ་རིག་པ་འདི་བཞིན་རྒྱ་གར་གཞུང་ནས་ཁྲིམས་མཐུན་ངོས་ལེན་གནང་བ་དེའང་བོད་ཀྱི་གསོ་བ་རིག་པའི་བསྟན་པ་སྤྱི་དང་། བྱེ་བྲག་དབུས་སྨན་རྩིས་ཁང་གི་ལས་དོན་མཐའ་དག་གེགས་མེད་དུ་སྒྲུབ་ནུས་པའི་ཆ་རྐྱེན་ཧ་ཅང་གལ་ཆེན་ཞིག་ཏུ་གྱུར་ཡོད་པས་དེ་དག་གི་གོ་སྐབས་དམ་འཛིན་གནང་ཕྱོགས་གནང་རྒྱུའང་ཤིན་ཏུ་གལ་ཆེ་ཡིན། དེ་བཞིན་སྐབས་བཅུ་གསུམ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ཐོག་བོད་ཀྱི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་གཏན་འབེབས་དང་འབྲེལ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དངོས་སུ་ཚུགས་ཏེ་ཞུ་སྒོ་ཁག་ལག་བསྟར་འགྲོ་བཞིན་ཡོད་པས་ལྷན་ཚོགས་དེའང་དབུས་སྨན་རྩིས་ཁང་སོགས་ཀྱི་མཐུན་པའི་ཆ་རྐྱེན་དུ་གྱུར་ཡོད་རེ་བྱེད་བཞིན་ཡོད་པ་བཅས།མཐའ་དོན་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། གཞིས་བྱེས་བོད་མི་ཡོངས་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པ་དང་། བོད་གཞུང་སྨན་རྩིས་ཁང་གི་ཞུ་སྒོ་མཐའ་དག་ལམ་ལྷོང་དང་ཡར་རྒྱས་ཡར་ངོའི་ཟླ་ལྟར་འཕེལ་བའི་རེ་སྨོན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༣ ལ།། །།
བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བོད་གཞུང་སྨན་རྩིས་ཁང་མི་ལོ་ལྔ་བཅུ་འཁོར་བའི་མཛད་སྒོར་གསུང་བཤད་གནང་བ།
གསར་གནས།
འབྲེལ་གནས།