༢༠༡༡ ཟླ་ ༣ ཚེས་ ༣༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༥ རེས་གཟའ་པ་སངས་ཉིན་ཇར་མན་གྲོང་ཁྱེར་བྷར་ལིན་ (Berlin) དུ་ཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པས་ (Tibet Initiative Deutschland) གོ་སྒྲིག་འོག་འཛམ་གླིང་གི་སྣེ་གསུམ་པ་བོད་ཀྱི་ཁོར་ཡུག་ཐོག་འཛིན་པའི་རྒྱ་ནག་གཞུང་གི་སྲིད་བྱུས་དེས་བོད་ཀྱི་ཁོར་ཡུག་ཙམ་མ་ཟད། འཛམ་གླིང་མི་འབོར་གསུམ་ཆ་གཅིག་གི་ཆུའི་ཐོན་ཁུངས་ལའང་དོ་ཕོག་ཤུགས་ཆེ་གཏོང་བཞིན་པའི་གནད་དོན་བཅས་ཀྱི་ཐོག་ཚོགས་བཅར་བ་རྣམས་ཀྱིས་སེམས་འཚབ་ཡོད་པའི་རྣམ་པ་ཤུགས་ཆེ་བསྟན་ཡོད། སྐབས་དེར་བོད་གཞུང་གི་ཡུ་རོབ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་མཉམ་བཞུགས་གནང་ཡོད་པ་མ་ཟད།
བཙན་བྱོལ་བོད་གཞུང་ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན་སྐུ་ཞབས་བསྟན་འཛིན་ནོར་བུ་ལགས་ཀྱིས་རྡ་ས་ནས་དྲ་ལམ་བརྒྱུད་ཐད་ཀར་ཚོགས་འདུ་དེར་མཉམ་ཞུགས་གནང་ཡོད། གཞན་ཡང་ཚོགས་འདུ་དེར་ཡུ་རོབ་རྒྱལ་ཁབ་ཕ་རན་སི་དང་སུད་སི། ཇར་མན་བཅས་གཙོ་བོར་གྱུར་བའི་མཁས་དབང་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཁྱོན་མི་གྲངས་བརྒྱ་ལྷག་མཉམ་ཞུགས་གནང་ཡོད།
ཚོགས་འདུའི་བརྗོད་གཞི་ནི། འཛམ་གླིང་གི་སྣེ་གསུམ་པར་འཛིན་པའི་རྒྱ་ནག་གཞུང་གི་སྲིད་བྱུས་ཉེན་ཚབས་ཅན། ཞེས་པའི་ཐོག་བགྲོ་གླེང་གནང་སྐབས་སྐུ་ཞབས་བསྟན་འཛིན་ནོར་བུ་ལགས་ཀྱིས་བོད་ཀྱི་ཁོར་ཡུག་ཉམས་ཆག་གཏོང་རྒྱུའི་ལས་གཞི་རྒྱ་ཆེ་ཞིག་རྒྱ་ནག་གཞུང་གིས་སྤེལ་བར་བརྟེན་ད་ཆ་ཁོར་ཡུག་གི་གནས་སྟངས་ཉམས་ཆག་འགྲོ་རྒྱུའི་མྱུར་ཚད་དེ་ཉེན་ཚབས་ཧ་ཅང་ཆེན་པོའི་སྟེང་བསླེབས་ཡོད་སྐོར་གསལ་བཤད་གནང་ཡོད། ཕྱོགས་མཚུངས་བོད་ནང་བོད་མི་ཚོས་རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་གཏོར་བཤིག་གི་ལས་གཞིར་ངོ་རྒོལ་གང་བྱས་པ་རྣམས་ལ་ཆབ་སྲིད་ཀྱི་ཉེས་མིང་བཙུགས་ཏེ་དྲག་གནོན་བྱེད་བཞིན་ཡོད་སྐོར་གྱི་གནས་སྟངས་ཀྱང་ཁོང་གིས་གསལ་སྟོན་གནང་ཡོད། དེ་བཞིན་ཚོགས་འདུའི་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་འབྲོག་པ་རྣམས་བཙན་ཤེད་ཀྱིས་ས་ཆ་གཅིག་ཏུ་བརྟན་སྡོད་བྱེད་བཅུག་པ་དེས་འབྲོག་པའི་འཚོ་བར་གནོད་ཚབས་ཇི་བྱུང་སྐོར་ཁོར་ཡུག་ཉམས་ཞིག་པ་སྙན་གྲགས་ཅན་སྐུ་ཞབས་གྷེབ་རེལ་ལ་ཕི་ཏེ་ (Gabriel Lafitte) ལགས་ཀྱིས་ཞིབ་ཕྲ་གསལ་བཤད་གནང་ཡོད་པ་མ་ཟད།
མཁས་དབང་སྐུ་ཞབས་ཀ་ལའོ་ཊེ་ཨར་པི་ (Claude Arpi) ལགས་ཀྱིས་བོད་ཀྱི་ཆུའི་ཐོན་ཁུངས་ཐོག་རྒྱ་ནག་གཞུང་གིས་འཛིན་པའི་སྲིད་བྱུས་དེས་བོད་དང་བོད་ཀྱི་ཆུ་ཆེན་ལ་བརྟེན་པའི་ཨེ་ཤི་ཡའི་རྒྱལ་ཁབ་ཚོའི་ཐུང་ཆུའི་ཐོག་ཉེན་ཚབས་ཇི་ཡོད་སྐོར་གསལ་བཤད་གནང་ཡོད་པ་བཅས།།