༢༠༡༡ ཟླ་ ༣ ཚེས་ ༣༡ རེས་གཟའ་ཕུར་བུ།
༄༅།། ཕྱི་ལོ་ ༢༠༡༠ ལོ་ནས་བཟུང་སྐུ་སྒེར་ཡིག་ཚང་ནས་སྲོང་བཙན་སློབ་ཡོན་གྱི་ས་མིག་གྲངས་ ༡༠ ནས་ ༢༥ ལ་སྤར་ཆ་བྱུང་བ་ལྟར་བཙན་བྱོལ་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་གྲངས་ ༢༠ ལ་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་། སློབ་ཕྲུག་གྲངས་ ༥ ལ་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་ཐོག་སློབ་ཡོན་ཞལ་བཞེས་གནད་སྨིན་བྱུང་བར། སློབ་ཡོན་འདིའི་ཁོངས་ཞུགས་བློ་ཡོད་རིགས་རྣམས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༣༡ འགྱངས་མེད་དགོས་ངེས་ཡིག་ཆ་ཁག་དང་། འཚང་སྙན་འགེངས་ཤོག་མཉམ་ངེས་འབུལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས།

ཀ༽སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན།
༡། རྒྱུན་གཏན་སློབ་སྦྱོང་ལེགས་པོ་ཡོད་ལ་ཐོན་རྒྱུགས་སྐབས་བརྒྱ་ཆ་མཐོ་པོ་བླངས་མ་ཐུབ་པ།
༢། སྤྱི་དོན་སེམས་ཁུར་དང་། ལྷག་བསམ། དྲང་བདེན། ཡ་རབས་སྤྱོད་བཟང་བཅས་ལྡན་པ།
༣། དྭ་ཕྲུག་དང་། ཕྱེད་དྭ་ཕྲུག དབུལ་ཕོངས་ཉམ་ཐག་ཅན་གྱི་ཁྱིམ་ཚང་གི་ཕྲུ་གུ་བཅས།

ཁ༽ སློབ་ཡོན་གྲངས།
༡། སློབ་ཡོན་འདིའི་ཁོངས་སློབ་ཕྲུག་གྲངས་ ༢༠ ལ་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་དུས་ཆ་ཚང་རིང་ (Bachelor Degree) སློབ་ཡོན་གནང་རྒྱུ།
༢། དེ་བཞིན་གོང་གསལ་སློབ་ཡོན་ཁོངས་ནས་ཐོན་མཁན་སློབ་ཕྲུག་གྲངས་ ༥ ལ་གཙུག་ལག་རབ་འབྱམས་པའི་ (Master Degree) སློབ་ཡོན་གནང་རྒྱུ།

ག༽ འཚང་སྙན་འབུལ་ཕྱོགས་སྐོར།
སྒྲིག་གསལ་སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་ཚང་རིགས་ནས་ཉེ་བའི་གཙུག་ལག་རབ་འབྱམས་པའི་ (Bachelor Degree) སློབ་སྦྱོང་ཐོག་འཚང་སྙན་འགེངས་ཤོག་གཤམ་གསལ་ལྟར་བཀང་འབུལ་དགོས་པ་ཡིན།
༡། འགེངས་ཤོག་དང་པོ་སློབ་ཕྲུག་རང་ཉིད་ཀྱི་བཀང་སྟེ་ས་གནས་འགོ་འཛིན་ནས་ཞིབ་འཇུག་གིས་དག་མཆན་མཚན་རྟགས་ངེས་པར་ཞུས་སྟེ་ཤེས་རིག་ལས་ཁུངས་སུ་དུས་བཀག་ནང་ཚུན་འབུལ་དགོས།
༢། གལ་ཏེ་ཆ་རྐྱེན་དང་པོ་དང་གཉིས་པ་གང་རུང་ཐོག་འཚང་སྙན་འབུལ་མཁན་ཡིན་ན། འགེངས་ཤོག་གཉིས་པ་རང་ཉིད་ཀྱི་སློབ་གྲྭ་ནས་ཞུ་དགོས་ཤིང་། དེ་ཡང་སློབ་གྲྭའི་སློབ་སྤྱིའམ་རེག་ཊར་ནས་དོ་བདག་སློབ་ཕྲུག་གི་གནས་སྟངས་ཞིབ་ཚགས་ཁ་གསལ་བཀང་སྟེ་འདི་གར་གསང་སྟབས་ཀྱིས་དུས་བཀག་ནང་ཚུན་འབུལ་དགོས་པ་ཡིན།
༣།གལ་ཏེ་ཆ་རྐྱེན་གསུམ་པའི་ཐོག་འཚང་སྙན་འབུལ་མཁན་ཡིན་ན། འགེངས་ཤོག་གསུམ་པ་ས་གནས་འགོ་འཛིན་ནས་ཞུ་དགོས་པ་དང་། དེ་ཡང་ས་གནས་འགོ་འཛིན་ནས་དོ་བདག་སློབ་ཕྲུག་གི་གནས་སྟངས་ཞིབ་ཚགས་ཁ་གསལ་བཀང་སྟེ་འདི་གར་གསང་སྟབས་ཀྱིས་དུས་བཀག་ནང་ཚུན་འབུལ་དགོས་པ་ཡིན།

ང༽ ཤེས་རིག་ལས་ཁུངས་སུ་འཚང་སྙན་འགེངས་ཤོག་མཉམ་ངོ་བཤུས་ངེས་པར་འབུལ་དགོས་པའི་ཡིག་ཆ་ཁག་གཤམ་གསལ།

༡། འཛིན་རིམ་བཅུ་པ་དང་། བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཨང་ཤོག་ (Marks card) དང་ (Pass Certificate)
རྒྱུགས་འཕྲོད་ལག་འཁྱེར།

༢། གཙུག་ལག་རབ་འབྱམས་པའི་སློབ་ཚན་ (Master or Equivalent) ཁོངས་སུ་འཚང་སྙན་འབུལ་མི་ཡིན་ན་སོ་སོའི་ཉེ་བའི་གཙུག་ལག་རབ་འབྱམས་པའི་ (Bachelor) ལོ་རིམ་མཐའ་མའི་ཡིག་རྒྱུགས་ཨང་ཤོག་ ༢༠༡༡ ཟླ་ ༨ ཚེས་ ༣༡ འགྱངས་མེད་ཤེས་རིག་ལས་ཁུངས་སུ་འབུལ་དགོས། འོན་ཀྱང་འཚང་སྙན་འགེངས་ཤོག་མཉམ་ལོ་རིམ་དང་པོ་དང་གཉིས་པ་སོགས་ཀྱི་ཡིག་རྒྱུགས་ཨང་ཤོག་རྣམས་ ༢༠༡༡ ཟླ་ ༥ ཚེས་ ༣༡ དུས་བཀག་ནང་ཚུད་སྤྱི་མཚུངས་འབུལ་དགོས།

༣།སློབ་གྲྭའི་ནང་བུམ་སྐྱོན་གསུམ་བྲལ་གྱི་བྱ་དགའ་ཐོབ་ཡོད་ཚེ་ལག་འཁྱེར་གྱི་ངོ་བཤུས།

༤།ཕ་མ་བོད་ནང་ཡོད་པའམ། འདས་གྲོངས། ཁ་བྲལ་སོང་བའི་རིགས་ཡིན་ཚེ་འབྲེལ་ཆགས་ས་གནས་འགོ་འཛིན་ནམ་བོད་གཞུང་ཤེས་རིག་ཁྱབ་ཁོངས་ཉུང་མཐར་འཛིན་རིམ་བཅུ་པ་ཡོད་པའི་སློབ་གྲྭའི་དབུ་འཛིན་དང་བོད་རིགས་སློབ་སྤྱི་སུ་རུང་ནས་ཕ་མའི་གནས་སྟངས་ངོ་སྤྲོད་ཀྱི་ཡིག་ཆུང་།

༥། བལ་ཡུལ་དང་འབྲུག་ཁུལ་གནས་སྡོད་སྙན་འབུལ་བ་ཡིན་ན་བོད་མི་སྐྱབས་བཅོལ་བ་དངོས་འབྲེལ་ཡིན་པ་ངོས་འཛིན་ཐུབ་སླད་ས་གནས་རང་བདེན་ཚོགས་ཆུང་གི་ངོ་སྤྲོད་རྒྱབ་གཉེར་ཐོག་རྒྱབ་གཉེར་མཉམ་སྦྱར་དགོས་པ་ས་གནས་འགོ་འཛིན་ནས་ཞིབ་འཇུག་གིས་བོད་མི་སྐྱབས་བཅོལ་བ་དངོས་འབྲེལ་ཡིན་པའི་ངོས་སྦྱོར་ངེས་འབུལ་དགོས་རྒྱུ།

ཅ༽གཤམ་གསལ་ཡིག་ཆ་རྣམས་ལ་ས་གནས་འགོ་འཛིན་ནས་ཞིབ་བསྡུར་ཟིན་པར་བརྟེན་ངོ་བཤུས་ཁག་ཤེས་རིག་ལས་ཁུངས་སུ་འབུལ་མ་དགོས་པ།
༡།དོ་བདག་དང་ཕ་མའི་དང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༠ ཟླ་ ༡༢ བར་གཙང་ཕུལ་ཟིན་པའི་ལག་དེབ་ཀྱི་ངོ་བཤུས་སྟེང་རང་བདེན་ཚོགས་ཆུང་ནས་བདེན་དཔང་མཚན་རྟགས་ཞུས་པ་དགོས།
༢།རྒྱ་གར་སྐྱབས་བཅོལ་ལག་དེབ་ཐོག་ཁྲིམས་མཐུན་དུས་འགྱངས་བཀའ་འཁྲོལ་ཞུས་པའི་ངོ་བཤུས་འབུལ་དགོས། གལ་ཏེ་དུས་འགྱངས་སམ་གསར་བཟོའི་ཆེད་ཕུལ་ཡོད་ཚེ་ལག་འཁྱེར་ལས་ཁུངས་དེའི་བྱུང་འཛིན་ངོ་བཤུས།

ཆ༽ཐུགས་སྣང་དགོས་པའི་གནད་དོན་གཞན་ཁག

༡། སློབ་ཡོན་ཉིས་ལྡབ་ལེན་མི་ཆོག་ཀྱང་། རོགས་ཚོགས་དང་སྒེར་ཁག་ནས་སློབ་ཡོན་ཁ་སྣོན་ཞུས་ཐོབ་བྱུང་བའི་ཁུངས་ལྡན་དན་རྟགས་ཁ་གསལ་ཕུལ་བ་བྱུང་ཚེ་འདི་ནས་མུ་མཐུད་སློབ་ཡོན་དགོངས་བཞེས་ཡོང་རྒྱུ་ཡིན།

༢། འགེངས་ཤོག་དང་པོའི་མཉམ་དུ་འབུལ་དགོས་པའི་རྒྱུགས་སྤྲོད་ཨང་ཤོག་དང་ལག་འཁྱེར་གཞན་གྱི་ངོ་བཤུས་ཐོག་ས་གནས་འགོ་འཛིན་ནམ། ཟུང་དྲུང་གནས་རིམ་ཡན་གྱི་གཞུང་ཞབས། ཡང་ན་བོད་གཞུང་ཤེས་རིག་ཁྱབ་ཁོངས་ཉུང་མཐར་འཛིན་རིམ་བཅུ་པ་ཡོད་པའི་སློབ་གྲྭའི་དབུ་འཛིན་དང་བོད་རིགས་སློབ་སྤྱི་སུ་རུང་ནས་ཞིབ་བཤེར་སོང་བའི་དག་མཆན་འཁོད་དགོས།

༣།ལས་རིགས་སློབ་སྦྱོང་ (Vocational Courses) གྲས་ལ་སློབ་ཡོན་གནང་རྒྱུ་མིན།།

༤། སྲོང་བཙན་སློབ་ཡོན་སྒྲིག་གཞི་དང་། འཚང་སྙན་འགེངས་ཤོག་ཁག ཡོངས་ཁྱབ་གསལ་བསྒྲགས་བཅས་འདི་གའི་དྲ་རྒྱ་(www.tcewf.org)  ནས་ཕབ་བཤུས་ཀྱིས་འབུལ་ནའང་འཐུས་རྒྱུ།

༥། གསལ་བསྒྲགས་ཀྱི་དོན་ཚན་ཀ སློབ་ཡོན་ཞུ་ལེན་ཀྱི་དགོས་ངེས་ཆ་རྐྱེན་གྱི་ནང་གསེས།

༣། དབུལ་ཕོངས་ཉམ་ཐག་གི་ཨང་གྲངས་ཅན་ཕུད་གཞན་སྡེ་ཚན་ཁག་སོ་སོ་ནས་འཚང་སྙན་འགེངས་ཤོག་མཉམ་ཡིག་འབྲེལ་སྦྲག་གླ་སོགས་ཀྱི་ཆེད་ཧིན་སྒོར་ ༡༥༠ འབུལ་དགོས།

༦། དུས་བཀག་གི་ཉིན་གྲངས་ ༡༤ སྔོན་ཚུད་འཚང་སྙན་ཕུལ་འབྱོར་བྱུང་བ་རྣམས་ལ་འདི་ནས་དགོས་ངེས་ཡིག་ཆ་ཁག་ཚང་མིན་བརྡ་ལན་བྱ་རྒྱུ་དང་། དེའི་རྗེས་སུ་ཕུལ་འབྱོར་བྱུང་བ་རྣམས་ལ་བརྡ་ལན་བྱ་རྒྱུ་མིན།

༧། འཚང་སྙན་འགེངས་ཤོག་དང་དགོས་ངེས་ཡིག་ཆ་ཁག་དམ་དོན་གྱིས་གཤམ་གསལ་ཁ་བྱང་ཐོག་དུས་བཀག་ནང་ཚུན་ངེས་འབུལ་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༨ ལ།།

Secretary
Department of Education
Central Tibetan Administration
Gangchen Kyishong
Dharamsala – 176 215
Dist. Kangra
Himachal Pradesh
Phone: 01892-226695, 222572, 222721
Fax: 01892-223481
E-mail: [email protected]
Website: www.tcewf.org

Share with your friends










Submit