༄༅། །བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ད་བར་རྒྱ་གར་དང་བལ་ཡུལ་ཁུལ་བོད་མིའི་གཞིས་ཆགས་དང་། ཁ་འཐོར་བོད་མིའི་འདུས་སྡོད་ཁག་བཅས་ཀྱི་སེར་སྐྱ་མང་ཚོགས་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་སྐོར་ཟབ་སྦྱོང་གི་ལམ་ནས་སྔ་རྗེས་གོ་རྟོགས་སྤེལ་ཡོད་ནའང་། རང་རིགས་མང་ཚོགས་ཁྲོད་ད་དུང་བཙན་བྱོལ་བོད་མིའི་ཁྲིམས་ལུགས་སྐོར་དང་། ཁ་མཆུ་ཞུ་གཏུག་གི་འགྲོ་ལུགས་བཅས་གོ་རྟོགས་གསལ་པོ་མ་ཆགས་པའི་རིགས་ཡོད་ན། དཀའ་ངལ་དེ་དག་རིམ་བཞིན་སེལ་ཐབས་སུ་གཞིས་ཆགས་དང་། ཁ་འཐོར་བོད་མིའི་འདུས་སྡོད་ཁག་བཅས་སུ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ཀྱི་སྦྱོོང་བརྡར་ཡོད་པའི་གཏན་འཇགས་བོད་མིའི་ཁྲིམས་རྩོད་པ་གང་མང་སྐྱེད་སྲིང་ཞུ་ཐུབ་པ་བྱུང་ན། ས་གནས་སོ་སོར་ཁྲིམས་གཏུག་ཞུ་སྟངས་མི་ཤེས་མཁན་ཚོར་ལམ་སྟོན་དང་། བོད་ཡིག་རང་རྐྱ་མ་འཕེར་མཁན་ཚོར་ཁ་མཆུའི་ཞུ་རྩ་ཞུ་ལན་འབྲི་རོགས་སོགས་རོགས་སྐྱོར་ཞུ་ཡུལ་ཡོད་པ། ཁ་མཆུ་ཞུ་གཏུག་གི་ཆེད་དུ་ཁྲིམས་རྩོད་པ་བསྟེན་དགོས་རིགས་ལ་ཁྲིམས་རྩོད་པའི་ལས་དོན་སྒྲུབ་མཁན་ཡོད་པ་བཅས་ཀྱི་དགོས་མཁོའི་མཐུན་རྐྱེན་ཡོད་པ་དེས་མང་ཚོགས་སྤྱི་དང་། ལྷག་པར་དུ་མི་མང་སྙོམས་ཆུང་ཉམ་ཐག་རྣམས་ལ་ཕན་ཐོགསཅི་ཆེ་ཡོང་རྒྱུའི་ཐོག། ས་གནས་ཁྲིམས་ཞིབ་ཁང་སོ་སོས་ཀྱང་ཁ་མཆུའི་གནད་དོན་ཞིབ་འཇུག་དང་། ཐག་གཅོད་ཀྱི་བྱ་རིམ་བཅས་གང་མྱུར་ཞུ་ཐུབ་པའི་དགེ་མཚན་ཆེ་ཙམ་ཡོང་རྒྱུ་བཅས་ཀྱི་དགོས་དམིགས་གལ་ཆེར་བརྩིས་ཏེ། སྔ་ལོ་ ༢༠༡༠ ཟླ་ ༧ པའི་ནང་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྱབ་ཁོངས་གཞིས་ཆགས་དང་ཁ་འཐོར་བོད་མིའི་འདུས་སྡོད་ཁག་ནས་མི་འགྲོ་གྲངས་ ༣༥ ལ་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་གོ་སྒྲིག་ཞུས་པར་ཕན་ཐོགས་གང་ལེགས་བྱུང་ཡོད་པ་དང་། བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་གྱི་ལས་རིམ་མཇུག་སྐྱོང་ཁོངས་སུ། བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྱབ་ཁོངས་དེ་ཧྲཱ་དན་ས་གནས་འགོ་འཛིན་ཁྱབ་ཁོངས་ནས་མི་འགྲོ་ ༥ དང་། ཧ་པ་སྤར་ས་གནས་འགོ་འཛིན་ཁྱབ་ཁོངས་ནས་མི་འགྲོ་ ༢།  སྤོན་ཌ་ས་གནས་འགོ་འཛིན་ཁྱབ་ཁོངས་ནས་མི་འགྲོ་ ༢།  ས་ཌོན་གཞིས་ཆགས་ནས་མི་འགྲོ་ ༡། ཀམ་རའོ་གཞིས་ཆགས་ནས་མི་འགྲོ་ ༡། སྤར་ཝ་ལ་གཞིས་ཆགས་ནས་མི་འགྲོ་ ༢། བིར་བོད་ཚོགས་གཞིས་ཆགས་ནས་མི་འགྲོ་ ༢། བིར་སྡེ་དགེ་གཞིས་ཆགས་ནས་མི་འགྲོ་ ༢། ཅོན་ཏ་ར་ནང་ཆེན་གཞིས་ཆགས་ནས་མི་འགྲོ་ ༢། པབ་རོ་ལ་བཀྲིས་ལྗོངས་གཞིས་ཆགས་ནས་མི་འགྲོ་ ༢། ཀུ་ལུ་ས་གནས་འགོ་འཛིན་ཁྱབ་ཁོངས་ནས་མི་འགྲོ་ ༢། མན་ཌི་ས་གནས་འགོ་འཛིན་ཁྱབ་ཁོངས་ནས་མི་འགྲོ་ ༢། སིམ་ལ་ས་གནས་འགོ་འཛིན་ཁྱབ་ཁོངས་ནས་མི་འགྲོ་ ༢། ཌོ་ལན་ཇི་བོན་གཞིས་ནས་མི་འགྲོ་ ༢། ཌལ་ཧོར་ས་གནས་འགོ་འཛིན་ཁྱབ་ཁོངས་ནས་མི་འགྲོ་ ༢། ལྷ་རམ་ཤཱ་ལ་ས་གནས་འགོ་འཛིན་ཁྱབ་ཁོངས་ནས་མི་འགྲོ་ ༣། ལྡི་ལི་ས་གནས་འགོ་འཛིན་ཁྱབ་ཁོངས་ནས་མི་འགྲོ་ ༢། བཅས་ཁྱོན་བསྡོམས་མི་གྲངས་ ༣༦ ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༠ ནས་ཉིན་གྲངས་ ༡༠ རིང་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་ ༣ པ་དེ་ཧྲཱ་དན་བདེ་སྐྱིད་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དུ་གོ་སྒྲིག་གནང་རྒྱུ་ཐུགས་གཏན་འཁེལ་བ་ཡིན་ན། བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་གྱི་ལས་རིམ་ནང་འཛུལ་ཞུགས་བྱ་བློ་ཡོད་རིགས་ལ་སྤྱི་མང་གཏུག་བཤེར་འགྲོ་ལུགས་ཁྲིམས་ཡིག་གི་དོན་ཚན་ ༢༢ ཁ པ་ནང་གསལ་ཆ་རྐྱེན་ཁག་ཅིག་དང་། དགོས་ངེས་ཀྱི་ཆ་རྐྱེན་སྣོན་མ་བཅས་གཤམ་གསལ་ཆ་རྐྱེན་རྣམས་ཚང་དགོས་པ་ཡིན།
ཆ་རྐྱེན།
༡༽ བོད་ཀྱི་ཡུལ་མི་ཡིན་པ། ༢༽ རང་ལོ་ ༢༥ ཧྲིལ་པོ་སོན་པ་ཡན། ༣༽ རིག་འཚོ་མ་ཟིན་པ་མ་ཡིན་པའི་སྨན་པའི་ངོས་སྦྱོར་ཡོད་པ། ༤༽ དཔྱ་ཁྲལ་ལག་དེབ་ཀྱི་འབུལ་འབབ་དུས་འབུལ་ཞུ་བཞིན་ཡོད་པའི་ས་གནས་རང་བདེན་ཚོགས་ཆུང་གི་ངོས་སྦྱོར་ཡོད་པ། ༥༽ ཤེས་ཚད་ལག་ཁྱེར་ཡོད་ན། དེ་དག་གི་ངོ་བཤུས། ༦༽ བོད་ཀྱི་སྐད་ཡིག་ཤེས་པ། ༧༽ ལོ་འཁོར་གཅིག་ནང་ས་གནས་སུ་དུས་ཚོད་མི་ཉུང་བ་ཞིག་གཏན་སྡོད་ཐུབ་མཁན། ༨༽ ཁྲིམས་ཀྱི་སློབ་སྦྱོང་ཐོན་པའི་ལག་ཁྱེར་ཡོད་རིགས་ལ་དམིགས་བསལ་ཆ་རྐྱེན་དུ་དགོངས་བཞེས་གནང་རྒྱུ་བཅས།
གོང་གསལ་ཆ་རྐྱེན་ཚང་བ་རྣམས་ནས་ ༢༠༡༡ ཟླ་ ༤ ཚེས་ ༡༥ འགྱངས་མེད་འཚང་སྙན་དང་དག་མཆན་འཁོད་པའི་ཡིག་ཆ་བཅས་ཁུངས་སོ་སོའི་ས་གནས་འགོ་འཛིན་ལས་ཁུངས་སུ་འབུལ་ཐུབ་པ་དགོས་རྒྱུ་དང་། ས་གནས་སོ་སོའི་མང་ཚོགས་ཁྲོད་ནས་འཚང་སྙན་འབུལ་མཁན་མང་པོ་ཡོད་ཚེ། དེ་དག་གི་ཁོངས་ནས་ཆ་བགོས་ཐོབ་ཆའི་མི་འགྲོ་འདམ་སྟེ། མི་འགྲོ་སོ་སོའི་འཚང་སྙན་དང་ཡིག་ཆ་ཁག་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ ༢༠༡༡ ཟླ་ ༤ ཚེས་ ༢༩ ནང་ཚུད་འབུལ་འབྱོར་ཐུབ་པ་དགོས་རྒྱུ།
ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གོང་གསལ་ལས་འཆར་སྐོར་འབྲེལ་ཡོད་ས་གནས་འགོ་འཛིན་རྣམ་པར་ ༢༠༡༡ ཟླ་ ༣ ཚེས་ ༡༩ འཁོད་པའི་ཕྱག་བྲིས་ཕུལ་ཟིན་ན། བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་ ༣ པའི་ལས་རིམ་འདི་ནང་ཁྱབ་ཁོངས་སོ་སོར་མི་འགྲོ་ཆ་བགོས་ཞུས་པ་ལྟར་ཆ་ཚང་འཛུལ་ཞུགས་ཐུབ་ཐབས་སུ་འབྲེལ་ཡོད་ཚང་མས་མཐུན་འགྱུར་གནང་ཕྱོགས་ཡོང་བའི་རེ་སྐུལ་ཞུ་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༡ ལ།།

Share with your friends










Submit