༢༠༡༡ ཟླ་ ༢ ཚེས་ ༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༦ ཉིན་གྲགས་ཅན་དུས་དེབ་ཊེམ་ཞེས་པའི་ནང་འཁོད་དོན་ལྟར་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་སྟེང་གི་སྙན་གྲགས་ཅན་གྱི་དབུ་ཁྲིད་གྲགས་ཅན་ཉེར་ལྔའི་ཁོངས་སུ་འདེམས་ཐོན་བྱུང་འདུག དེ་ཡང་ཊེམ་ཞེས་པའི་གྲགས་ཅན་དུས་དེབ་དེའི་ནང་འཁོད་དོན།
བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་བོད་བརྒྱུད་ནང་བསྟན་གྱི་རླབས་ཆེན་དབུ་ཁྲིད་ཅིག་ཡིན་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་མི་རིགས་ཀྱི་རང་དབང་དང་བདེན་པའི་འཐབ་རྩོད་གནང་མཁན་ཞིག་ཀྱང་ཡིན། ཕྱི་ལོ་ ༡༩༥༩ ལོར་༸གོང་ས་༸སྐྱབས་མགོན་ཏཱ་ལ་བླ་མ་མཆོག་བཙན་བྱོལ་དུ་འབྱོར་རྗེས་ལོ་ངོ་བཅུ་ཕྲག་མང་པོའི་རིང་སྐུ་ལྷོད་ལྷོད་ཙམ་ཡང་མ་བཞུགས་པར་རྒྱ་བོད་བར་གྱི་ཛ་དྲག་གི་དཀའ་ངལ་སེལ་ཐབས་དང་། འཛམ་གླིང་ཞི་བདེའི་ཐོག་ཕྱག་ལས་གནང་སྟེ། རྒྱ་གར་གྱི་མེས་པོ་དམ་པ་གྷན་རྡི་མཆོག་དང་། ཨ་རིའི་མི་རིགས་ནག་པོའི་རང་དབང་འཐབ་རྩོད་པ་མཱ་ཏཱན་ལུ་ཐར་ཀིང་དང་འདྲ་བར་འཚེ་མེད་ཞི་བདེ་དང་། འཛམ་གླིང་ཁྱོན་ཡོངས་ལ་ཆོས་ལུགས་མཐུན་སྒྲིལ་ཐོག་ཕྱག་ལས་གནང་མཁན་གྱི་རླབས་ཆེན་གྱི་དབུ་ཁྲིད་ཅིག་ཡིན་པའི་འགྲེལ་བརྗོད་ཞུས་འདུག འཛམ་གླིང་ནང་མཚན་སྙན་ཆེ་བའི་རླབས་ཆེན་དབུ་ཁྲིད་ཉེར་ལྔའི་ཁོངས་ཀྱི་བཅུ་གསུམ་པ་དེ་༸གོང་ས་མཆོག་ཡིན་འདུག དེ་ཡང་ཁ་ཉིན་ཚེས་དྲུག་ཉིན་ཨ་རིའི་སྲིད་འཛིན་རོ་ནལ་ཌ་རི་གྷན་དམ་པ་དེ་དགུང་ལོ་བརྒྱ་འཁོར་བའི་དུས་དྲན་དང་སྟབས་བསྟུན་གསལ་བསྒྲགས་གནང་བ་ཞིག་ཡིན་འདུག་པ་བཅས། །