༢༠༡༡ ཟླ་ ༢ ཚེས་ ༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦།༣༠ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིའི་མོན་གྷོ་ཁུལ་གྱི་མཛད་འཕྲིན་ཁག་ཡོངས་སུ་ལེགས་པར་གྲུབ་པ་དང་སྦྲགས་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་མཁན་བླ་སྤྲུལ་རྣམ་པ། དེ་བཞིན་སེར་སྐྱ་མི་མང་རྣམས་ནས་མགོན་པོ་གང་ཉིད་མཆོག་ཕེབས་སྐྱེལ་ཞུས་པ་དང་ལྷན་གྷོ་བར་ཆིབས་ཞལ་བསྒྱུར།
དེ་ཡང་(Goa)གྷོ་བའི་ས་གནས་སྲིད་གཞུང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་མོ་ཐོབ་སྟེ་ས་གནས་དེའི་སྲིད་གཞུང་གིས་གོ་སྒྲིག་ཞུས་པ་ལྟར་ས་གནས་སུ་༸ཞབས་སོར་འཁོད་དེ་རྗེས་བཀའ་སློབ་སྩལ་རྒྱུའི་མཛད་རིམ་ཁག་ལ་དབུ་བཞུགས་མཛད་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གྷོ་བའི་པན་ཇི་ཞེས་པའི་ས་གནས་དེའི་མང་ཚོགས་ལ་བཀའ་སློབ་སྩལ་དོན། དུས་རབས་ཉི་ཤུ་པ་དེ་འཛམ་གླིང་ནང་དམག་འཁྲུག་དང་དུས་ཟིང་གི་དུས་རབས་ཤིག་ལ་གྱུར་ཡོད། འོན་ཀྱང་དུས་རབས་ཉེར་གཅིག་པ་འདི་ང་ཚོས་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་སེལ་ཐབས་བྱེད་དགོས་པའི་དུས་ཚོད་ཅིག་བཟོ་དགོས་རྒྱུ་གལ་ཆེན་པོ་ཡིན། དེ་ལྟར་ཡོང་བར་ང་ཚོ་ཚང་མས་འབད་བརྩོན་བྱེད་དགོས་པ་ཞིག་ཡིན། རྒྱ་གར་རྒྱལ་ཁབ་འདི་བཞིན་དུས་རབས་མང་པོའི་རིང་ནས་འཚེ་མེད་ཞི་བ་དང་ཆོས་ལུགས་མཐུན་སྒྲིལ་གྱི་ཕོ་ཉ་ལྟ་བུ་ཞིག་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད་པ་བཅས། །