༢༠༡༡ ཟླ་ ༢ ཚེས་ ༢ རེས་གཟའ་ལྷག་པ།
༄༅། །ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༡ ཉིན་ཕྱེད་ཡོལ་ཆུ་ཚོད་ ༡ ཡོལ་ཙམ་དུ་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་འདུ་ཁང་མདུན་དུ་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ལས་ཁང་གི་བསྡོམས་ཚོགས་མགོན་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བསྐྱངས་ཡོད།
སྐབས་དེར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་ཤར་བྱང་ཆོས་རྗེ་རྣམ་གཉིས་མཆོག མཁན་བླ་སྤྲུལ་རྣམ་པ་དང་། ས་གནས་འགོ་འཛིན། མོན་གྷོ་གཏན་སློབ་ཀྱི་སློབ་སྤྱི་དང་དགེ་ཆེ། ས་གནས་དཔོན་རིགས་ཁག་གཅིག ཧིན་བོད་མཛའ་འབྲེལ་ཚོགས་པའི་སྐུ་ཚབ། སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༡༠༠༠༠ བརྒལ་བ་འདུ་འཛོམས་བྱུང་ཡོད། དེ་ཡང་ཐོག་མར་ལྷོ་སྤྱི་བཀྲིས་ཕུན་ཚོགས་ལགས་ཀྱིས་འཚམས་ཞུའི་གསུང་བཤད་གནང་བ་དང་། མོན་གྷོ་ས་གནས་འགོ་འཛིན་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ལས་བསྡོམས་སྙན་སྒྲོན་ཞུས། དེ་རྗེས་ས་གནས་ཀྱི་དཔོན་རིགས་མི་སྣས་གསུང་བཤད་གནང་གྲུབ་བསྟུན། མོན་གྷོ་འདོད་རྒུ་གླིང་གཞིས་མི་ཡོངས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་སྒྱུར་སྐབས་དང་སྟབས་བསྟུན་མི་མང་གིས་ཚོགས་ཆེན་ཐོག་བཀའ་ཁྲི་མཆོག་ལ་བཀྲིན་རྗེས་དྲན་གྱི་དྲན་རྟེན་ཕྱག་རྟགས་ཤིག་ཕུལ་བ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཁྲི་མཆོག་ལ་གསོལ་རས་སྩལ་ཡོད།
དེ་རྗེས་བཀའ་ཁྲི་མཆོག་གིས་ཐེངས་འདིའི་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་ལས་བསྡོམས་ཚོགས་ཆེན་སྐབས་གསུང་བཤད་གནང་དོན། ལོ་ཁ་ཤས་སྔོན་ངོས་རང་ས་གནས་འདིར་བཅར་ནས་མི་མང་ཚོགས་ཆེན་འདི་ལྟ་བུ་ཞིག་གི་ཐོག་གཏམ་བཤད་བྱེད་སྐབས། གདན་ས་ཆེན་པོའི་ནང་དམ་སྲི་དོད་རྒྱལ་རྗེས་འཇུག་པ་དང་བསྟེན་གསོལ་མ་བྱེད་མཁན་བར་ཆོས་དང་ཟང་ཟིང་གི་འབྲེལ་མཚམས་གསལ་པོ་ཞིག་མེད་པའི་རྐྱེན་གྱིས་གདན་སའི་གྲྭ་ཚང་ཁག་གིས་༸གོང་ས་མཆོག་ལ་ཆོས་འབྲེལ་མཛད་རྒྱུའི་གསོལ་འདེབས་ཞུས་ཀྱང་སྟབས་མ་བདེ་བའི་གནས་བབ་ཅིག་ཆགསཡོད། སྐབས་དེ་དུས་ངས་མ་འོངས་པར་༸གོང་ས་མཆོག་བསྐྱར་དུ་ས་གནས་འདིའི་གདན་ས་དང་གྲྭ་ཚང་ཁག་ལ་ཆོས་འབྲེལ་མཛད་ཆེད་༸ཞབས་སོར་འཁོད་རྒྱུར་ཐུགས་དོགས་མཛད་མི་དགོས་པ་ཞིག་ཆགས་རྒྱུའི་རེ་བ་ཡོད་ཅེས་སྙན་སེང་ཞུས་པ་ལྟར་ལས་སྣེ་ཡོངས་ཀྱིས་ཁ་ཞེ་གཉིས་མེད་ཐོག་ནས་གདོང་ལེན་གནང་སྟེ་ད་ལྟའི་གནས་སྐབས་སུ་དོད་རྒྱལ་རྗེས་འཇུག་པ་དང་། བསྟེན་གསོལ་མ་བྱེད་མཁན་བར་དབྱེ་བ་གསལ་པོ་ཞིག་ཕྱེ་ཐུབ་པ་བྱུང་ཡོད། གདན་ས་ཆེན་པོ་འདི་དག་དམ་སྲི་དོལ་རྒྱལ་དང་འབྲེལ་བ་མེད་པར་གཙང་མ་ཞིག་ཆགས་ཏེ། ༸གོང་ས་མཆོག་གིས་ཆོས་འབྲེལ་ཐུགས་དགྱེས་པོའི་ཐོག་ནས་བསྐྱངས་ཐུབ་རྒྱུའི་གོ་སྐབས་ཤིག་བསྐྲུན་གནང་བ་དེར་ངས་འགོ་ཁྲིད་པའི་བཀའ་ཤག་གི་ངོས་ནས་གནད་དོན་ཆེན་པོ་ཞིག་དང་། གྲུབ་འབྲས་བཟང་པོ་ཞིག་ལ་རྩི་བཞིན་ཡོད། ལས་དོན་དེའི་ཐོག་དམིགས་སུ་བཀར་ནས་ཐུགས་འགན་བཞེས་མཁན་གྱི་མཁན་ལས་ཟུར་རྣམ་པ། དབུ་བཞུགས་ཁྲི་རིན་པོ་ཆེ་མཆོག་གིས་དབུས་ཤར་བྱང་ཆོས་རྗེ་རྣམ་གཉིས་མཆོག་དང་། ལས་སྣེ། དེ་བཞིན་འདུས་དམངས་ཚང་མས་ང་ཚོའི་རེ་སྐུལ་ལྟར་ཐུགས་ཐག་ཆོད་པའི་ཐོག་ནས་ལག་བསྟར་གནང་ཐུབ་པ་དེ་འབྱུང་འགྱུར་བྱུང་རབ་ཀྱི་ནང་གནས་ཐུབ་རྒྱུའི་བཟང་ཕྱོགས་ཀྱི་གནས་ཚུལ་ཞིག་རེད། འབྱུང་འགྱུར་ཡང་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། སྒོས་སུ་བོད་མི་མང་ཚོགས་ཀྱི་འདོད་དོན་ཆེད་དུ་འཇིག་རྟེན་པའི་དྲེགས་པ་དང་ལྷ་སྲུང་གྱི་དབར་ལ་མཉམ་བསྲེས་མེད་པའི་ཐོག་ནས་བསྟན་པ་ལ་སྲེད་ལྷད་མེད་པར་གནས་དགོས་རྒྱུ་དེ་གལ་ཆེན་པོ་རེད། མ་འོངས་པར་ཡང་རྒྱུན་འཁྱོངས་གནང་རྒྱུའི་རེ་བ་ཞུ་བཞིན་ཡོད།
ཕྱོགས་མཚུངས་དམ་སྲི་དོལ་རྒྱལ་བློས་མ་ཐུབ་པར་རྗེས་འབྲང་ཟུར་དུ་ཐོན་པ་དེ་ཚོ་ཡང་གདན་ས་ཆེན་པོ་ནས་༸གོང་ས་མཆོག་གི་ཆོས་ཕྱོགས་ཀྱི་དབང་ལུང་མན་ངག་སོགས་དེ་ཚོའི་འོག་ནས་ཟུར་དུ་ཐོན་པ་མ་གཏོགས་བཙན་བྱོལ་བོད་མི་སྤྱི་ཚོགས་ནས་ཟུར་དུ་བཏོན་མེད། དོན་མཁན་གྱིས་ཐོན་ན་གནས་ཚུལ་གཞན་པ་རེད། བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་བོད་མིའི་སྤྱི་ཚོགས་ནས་ཟུར་དུ་བཏོན་མེད། ཆོས་དོན་ལས་ཁུངས་དང་ཤེས་རིག ནང་སྲིད་སོགས་ཀྱི་ངོས་ནས་བོད་མི་སྤྱི་ཡོངས་ཀྱི་ཐོབ་ཐང་ཡོད་པ་དེ་དག་འབུལ་བཞིན་ཡོད། མ་བཞེས་པ་ཡིན་ན་བཙན་དབང་གཏོང་རྒྱུ་གང་ཡང་མེད། དེ་བཞིན་སྐྱབས་བཅོལ་ལག་འཁྱེར་བཟོ་རྒྱུས་མཚོན་གཞུང་གི་མཐུན་འགྱུར་རོགས་མགོན་གནང་དགོས་རྒྱུ། དང་བླངས་དཔྱ་ཁྲལ་བསྡུ་ལེན་བྱེད་རྒྱུ་དང་། བོད་མིའི་ལས་འགན་སྒྲུབ་དགོས་པ་དེ་དག་ལ་དབྱེ་བ་མེད་པ་ཚང་མ་གསལ་པོ་རེད། ཡིན་ནའང་རང་ངོས་ནས་དང་བླངས་དཔྱ་ཁྲལ་མ་སྤྲད་པ་དང་། བོད་ཀྱི་ཡུལ་མིའི་ཁེ་ཕན་དང་སྐྱབས་བཅོལ་བའི་ཁེ་ཕན་མ་བཞེས་པ་དེ་དག་ཁོ་རང་ཚོའི་རང་མོས་ཀྱིས་ཐག་གཅོད་གནང་བ་ཞིག་རེད་མ་གཏོགས་དེ་ལ་ང་ཚོའི་ངོས་ནས་ཞུ་རྒྱུ་གང་ཡང་མེད། གནས་ཚུལ་འདི་ཚང་མ་འཛོམས་ས་ཞིག་གི་ཐོག་ལ་བསྐྱར་ལྡབ་བྱས་ནས་ཞུ་ཐུབ་ན་དགེ་མཚན་ཡོད་པར་བསམ་ནས་དེ་རིང་འདིར་ཆིབས་སྒྱུར་སྐབས་དང་སྟབས་བསྟུན་བཅར་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ་འདི་ལྟར་ཡིན་ཞེས་གཏམ་བཤད་གནང་ཡོད།
དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འདིར་དངོས་སུ་ཕེབས་པའི་གཞིས་ཆགས་ཁོངས་ཀྱི་སེར་སྐྱ་རྣམ་པ་ཚོ་དང་། ཆེད་མངགས་ཕེབས་པའི་ས་གནས་མངའ་སྡེ་གཞུང་གི་བློན་ཆེན་དང་ས་གནས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཚང་མར་དེ་རིང་གཞིས་ཆགས་འདིར་ཁྱུག་ཙམ་བཅར་རྒྱུའི་གོ་སྐབས་བྱུང་བ་དང་ཁྱེད་རྣམས་མཇལ་བར་ཞེ་དྲག་དགའ་པོ་བྱུང་། དེ་འདྲ་ཡིན་དུས་ཚང་མས་ཐུགས་སྣང་གནང་བ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྔོན་ལ་བཀའ་བློན་ཁྲི་པ་ལོ་བཅུ་གནང་སྟེ་ང་ཚོ་བཙན་བྱོལ་བ་ཆགས་པ་ནས་བཟུང་ཤེས་ཡོན་དང་དེ་འདྲ་ཐོག་ལ་རིན་པོ་ཆེའི་དུས་ཚོད་ཡོངས་རྗོགས་བཏང་བ་རེད། སོ་སོའི་ཐོབ་ཁོངས་ཀྱི་དགོན་པའི་ནང་ཟམ་གདོང་རིན་པོ་ཆེའི་བླ་བྲང་ཡིན་ཟེར་བའི་མཛུབ་མོ་འཛུགས་ས་གང་ཡང་མེད་པར་གྲྭ་པ་གྲྭ་རྐྱང་བྱས་ཏེ་ཧུར་ཐག་འབད་ཐག་གནང་ཡོད། མི་མང་གིས་ངོས་ནས་ཡིན་ནའང་ཡིད་ཆེས་བློས་འགེལ་བྱས་ཏེ་གང་ལྟར་ལོ་བཅུའི་ནང་བཀའ་བློན་ཁྲི་པ་ཐེངས་གཉིས་གནང་བ་རེད། དེ་རིང་འདིར་ཁྱེད་རང་ཚོའི་ཁ་ཞེ་གཉིས་མེད་ཀྱིས་རིན་པོ་ཆེར་གཟེངས་རྟགས་ཕུལ་ཏེ་ཡག་པོ་ཞེ་དྲག་བྱུང་སོང། ངོས་ཀྱིས་རིན་པོ་ཆེར་རྩེད་མོ་རྩེས་ཏེ་དེ་རིང་རིན་པོ་ཆེས་མཎྜལ་ལྗགས་བཤད་རྒྱག་གི་འདུག་ཅེས་སྐད་ཆ་བྱུང་། དེ་རིང་འདིའི་ས་གནས་བློན་ཆེན་དང་གྲོས་ཚོགས་ཀྱི་འཐུས་མིས་བོད་དོན་ཐོག་ལ་སེམས་འཁུར་ཆེན་པོ་གནང་སྟེ། ང་ཚོ་བོད་ཀྱི་བདེན་པའི་ཐོབ་ཐང་ཐོག་ལ་རྒྱབ་སྐྱོར་དང་བདེན་མཐའ་གསལ་གྱི་རེད་ཅེས་ཡིད་ཆེས་བྱས་ཏེ་གསུང་བཤད་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། དེ་བཞིན་གཞིས་ཆགས་ཁག་ལ་ལམ་ཁ་ལེགས་བཅོས་གཏོང་བའི་མཐུན་འགྱུར་གནང་རྒྱུའི་ཞལ་བཞེས་གནང་སྟེ། གཞིས་ཁུལ་གྱི་ལས་བསྡོམས་ནང་ལའང་བཤད་སོང་ལ་ཁྱེད་རང་གིས་གསུང་སོང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། འགྲོ་སོང་གཞི་ནས་ད་ལྟ་ལག་ལེན་སྐྱེལ་རྒྱུ་རེད་ཐུགས་རྗེ་ཆེ་ཞེས་ཞུ་གི་ཡིན།
རྗེས་སུ་འགྲོ་སོང་བཏང་ཟིན་ཏེ་ཆ་ཚང་བཟོས་ཚར་རྗེས་ཐུགས་རྗེ་ཆེ་ཆེན་པོ་ཞིག་ཞུ་གི་ཡིན། འདིར་གཞིས་ཆགས་ལོ་མང་པོ་ཕྱིན་པ་རེད་རྩ་བ་ཀར་ན་ཊ་ཀ་མངའ་སྡེའི་སྐུ་ཞབས་ནི་ཇི་ལིངྒ་པ་བློན་ཆེན་གྱི་ལས་དུས་དང་པོའི་སྐབས་ནས་བོད་པའི་ཐོག་ཐུགས་སྣང་ཡོད། ཁོང་གིས་དམིགས་བསལ་བོད་པའི་བདེན་དོན་ཐོག་ལ་རྒྱབ་སྐྱོར་དང་ཐུགས་སྣང་གནང་ཡོད། ངོས་ཕྱི་ལོ་ ༡༩༥༦ རྒྱ་གར་ལ་སངས་རྒྱས་མྱང་འདས་དུས་ཆེན་ལ་ཡོང་སྐབས། ལྟ་སྐོར་དུ་ཡོང་རྒྱུའི་ཁུལ་གཅིག་སྦེང་ལོར་དུ་ཡོད། དེ་དུས་ནས་ཁོང་གི་བོད་ཀྱི་བདེན་དོན་ཐོག་ལ་སེམས་འཁུར་ཡོད་པ་ཙམ་དུ་མ་ཟད། རྒྱབ་སྐྱོར་གཙང་མ་ཡོད་ཅེས་ངོས་ལ་གསུངས་མྱོང་། ཕྱི་ལོ་ ༡༩༥༩ ལོར་ང་ཚོ་བཙན་བྱོལ་བ་ཆགས་རྗེས་རྒྱ་གར་གྱི་སྲིད་བློན་དམ་པ་ནེ་རུས་མངའ་སྡེ་ཁག་ཁ་ཤས་ཤིག་ལ་བོད་པ་གཞིས་ཆགས་བྱེད་རྒྱུའི་ས་ཆ་དེ་འདྲ་བྱུང་ན་ཡག་པོ་འདུག་ཅེས་འབོད་སྐུལ་གནང་བའི་སྐབས་ལ་ཁས་ལེན་ཤུགས་ཆེ་ཤོས་མངའ་སྡེ་འདི་ནས་བྱུང་བ་རེད། དེ་རྗེས་མངའ་སྡེ་འདིའི་ནང་ལ་གཞིས་ཆགས་ཁག་བསྡོམས་སྐབས་ཕལ་ཆེར་བོད་མི་བཞི་ཁྲི་བརྒལ་བ་ཞིག་ཆགས་ཡོད་མངའ་སྡེ་ཞེ་དྲག་ཡག་པོ་ཡིན། ད་ལྟ་ཡིན་ནའང་ཁ་སེང་ངོས་ཀྱི་བློན་ཆེན་ཐུག་པ་ཡིན། གཞིས་ཆགས་ལ་རོགས་པ་ག་རེ་བྱེད་དགོས་ཀྱི་འདུག་ཡར་རྒྱས་གཏོང་རྒྱུའི་མཐུན་རྐྱེན་ག་རེ་འདུག་དེ་འདྲ་བཀའ་འདྲི་གནང་བྱུང་། རྗེས་སུ་ངོས་ཀྱི་ལྟ་སྐོར་ཚར་སོང་ན་བློན་ཆེན་མཆོག་ལ་ཕྱག་བྲིས་ཤིག་འབུལ་རྒྱུ་ཡིན། དེ་དུས་དམིགས་བསལ་མཐུན་རྐྱེན་ཞུ་དགོས་པ་དེ་འདྲ་ཡོད་པ་ཡིན་ན་ཞུ་རྒྱུ་ཡིན། ཞེས་ཞུས་པ་ཡིན། གང་ལྟར་མངའ་སྡེ་གཞུང་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་གི་ཡིན། དེ་བཞིན་ཁྱེད་རང་གི་གསུང་པ་ནང་བཞིན་རེད། བོད་མི་གཞིས་ཆགས་ཡོད་སའི་རྒྱ་གར་ཡུལ་པ་ཚོ་དང་ཕྲན་བུ་ཕྲན་བུ་རྙོག་གྲ་ཡོང་སྲིད་ཀྱི་རེད་མ་གཏོགས་སྤྱིའི་ཆ་ནས་ཞེ་དྲག་གི་འབྲེལ་བ་ཡག་པོ་རེད། གཞི་རྩའི་ཆ་ནས་ངོས་ཀྱི་ནམ་རྒྱུན་ཤོད་ཡོད། ང་ཚོ་བོད་པ་རྒྱ་གར་གྱི་དགེ་ཕྲུག་ལྟ་བུ་རེད། རྒྱ་གར་ཚོ་ང་ཚོའི་དགེ་རྒན་རེད། ལོ་རྒྱུས་ཐོག་ནས་བཤད་པ་ཡིན་ནའང་སྐད་ཆར་སྙན་ངག་སྒྲོ་བཏགས་བྱས་པ་གང་ཡང་མ་རེད།
ང་ཚོ་འཕགས་བོད་གཉིས་ཀྱི་འབྲེལ་བ་དེ་དགེ་རྒན་དགེ་ཕྲུག་འབྲེལ་བ་ལྟ་བུ་རེད་ཅེས་ཤོད་ཀྱི་ཡོད། དེ་ནི་ད་ལྟ་ཡིན་ནའང་གསལ་པོ་ཡོད་པ་ཞིག་རེད། དེ་འདྲ་ཡིན་དུས་དེ་རིང་དམིགས་བསལ་གྱི་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང། དེ་ནས་ང་ཚོས་འདི་གར་གཞིས་ཆགས་ཚུགས་ནས་ལོ་ཡུན་དེའི་རིང་ལ་ཡར་རྒྱས་གང་ལ་གང་ཙམ་ཕྱིན་ཡོད། གཙོ་བོ་ས་གནས་མི་མང་གི་རྔུལ་ནག་ཐིགས་པ་རྒྱག་གིན་ཐང་ཆད་ཀྱིན་དཀའ་ལས་བརྒྱབ་ནས་སེམས་ཤུགས་སྒྲིལ་ཏེ་བྱས་པའི་ལག་རྗེས་རེད། མི་རབས་རྒན་པ་དེ་དག་ཧ་ལམ་རྫོགས་ཚར་བ་རེད་སྔོན་མ་གཞིས་ཆགས་དང་པོ་ཚུགས་སྐབས་སྙུག་ཁང་བྱས་ཏེ་འགོ་སྟོད་གཞི་ཆགས་ཚུགས་པའི་སྐབས་ལ་ངོས་ཀྱང་སྙུག་ཁང་ནང་བསྡད་པ་ཡིན། གཞི་རྩ་མེད་ནས་གཞི་རྩ་ཚུགས་པ་རེད། གཙོ་བོ་མི་མང་གི་དཀའ་ལས་བརྒྱབ་པའི་ལག་རྗེས་རེད། དེའི་ཚེ་དེའི་དུས་ཀྱི་ལས་བྱེད་ཚོ་ཡིན་པ་ཡིན་ནའང་མི་མང་ཚོ་དང་མཉམ་དུ་ཁྱུ་འདྲེས་ཏེ་ཧུར་ཐག་འབད་ཐག་བྱས་པ་རེད་དེ་འདྲའི་འབྲས་བུ་རེད་ཐུགས་རྗེ་ཆེ་ཞུ་རྒྱུ་དང་རྗེས་དྲན་བྱེད་རྒྱུ་ཡིན།
ད་དུང་ཡང་ང་ཚོའི་གཞིས་མི་མི་འབོར་ཆེ་རུ་འགྲོ་གི་ཡོད། ས་ཆ་རྒྱ་ཆེ་རུ་འགྲོ་རྒྱུ་མེད། དེར་བརྟེན་ས་ཆ་གང་ཡོད་པ་དེ་དག་ཐོན་སྐྱེད་ཡོད་པ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ལག་ཤེས་ཆུང་ཚགས་དང་ཚོང་དོན་གྱི་ལས་ཀ་རྒྱ་སྐྱེད་རྒྱུ་དང་། དེ་བཞིན་སོ་སོའི་ཁ་ཐུག་གི་ངོ་གདོང་སྒང་དང་ད་ལྟ་བར་དུ་མི་ཚོས་བྱས་པ་ཁོ་ནར་དཔེ་བལྟས་ནས་བསྡད་པ་མ་ཡིན་པར་ང་ཚོས་གསར་གཏོད་ག་རེ་བྱེད་རྒྱུ་འདུག རྒྱ་ཆེ་ས་དང་རླབས་ཆེ་ས་ནས་ག་རེ་བྱེད་རྒྱུ་འདུག དེ་དག་ཐོག་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་ཡིན། གཉིས་ནས་གོང་དུ་ལས་བསྡོམས་ནང་གནས་ཚུལ་དེ་དག་ཡག་པོ་དང་ཞིབ་ཚགས་པོ་འདུག ལས་བསྡོམས་ནང་འདྲ་ཆགས་པོ་ཞིག་བཀོད། ལག་ལེན་ངོ་མའི་ཐོག་ཡིག་ཐོག་ལ་ཡོད་པ་ལྟར་མེད་མཁན་དེ་འདྲ་སྐབས་རེ་ཡོང་གི་འདུག་ལ་ཡོང་མི་སྲིད་པའང་མ་རེད། དེར་བརྟེན་ས་གནས་ས་ཐོག་ལ་ལས་ཀ་བྱེད་མཁན་ཚོས་དངོས་ཡོད་ཀྱི་གནས་ཚུལ་གང་ཡོད་པ་དེ་སོ་སོ་རང་ཉིད་ཀྱིས་བལྟས་ཏེ་ལྟ་སྐོར་བྱེད་དགོས། དང་པོ་གཞིས་ཆགས་ཚུགས་སྐབས་ངོས་རང་ལ་ཆ་མཚོན་ན་ཁྱིམ་ཚང་མང་པོའི་ནང་འཛུལ་ཏེ། ཁྱིམ་ཚང་ན་འབྲས་དང་ཨ་ཤོམ་གང་འདྲ་ཡོད་པ་ལྟ་གི་ཡོད། སྐབས་ཤིག་སྦེལ་ཀོབ་ཏུ་ཞིང་ཁ་རྨོ་སར་འགྲོ་དུས་གླང་ཁོག་གི་རྡུང་གྲབས་ཀྱང་བྱས་བྱུང། གང་ལྟར་ཁྱེད་རང་ཚོ་ས་གནས་ལ་ལས་ཀ་བྱེད་མཁན་ཚོས་དངོས་ཡོད་ཀྱི་སློབ་གྲྭ་དང་རྒས་གསོ་ཁང་། དེ་དང་དེ་འདྲ་བའི་ལས་རིགས་གང་ཡོད་ཀྱང་ལས་ཁུངས་ནང་གཙོག་པུར་བསྡད་དེ་ཡིག་ཐོག་བྲིས་པ་མ་ཡིན་པར་ས་གནས་ས་ཐོག་ལ་ཕྱིན་ཏེ་དངོས་ཡོད་གནས་ཚུལ་གང་འདྲ་འདུག ང་ཚོས་ལྟ་རྟོགས་བྱེད་སའི་རྒས་གསོ་ཁང་ལྟ་བུ་ཡིན་ན། རྒས་འཁོགས་ཁོང་རང་ཚོར་དཀའ་ངལ་གང་འདྲ་ཞིག་ཡོད་པ་དེ་སེལ་ཐབས་གང་འདྲ་བྱེད་དགོས་ཀྱི་འདུག་པའི་གོ་བསྡུར་བྱེད་དགོས། སློབ་གྲྭ་ཞིག་ཡིན་ཡང་དེ་དེ་བཞིན་བྱེད་དགོས། ལས་རིགས་གང་ཡིན་རུང་འགྲིག་བསམས་ནས་མ་བཞག་པར་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན། དེ་དག་ཐམས་ཅད་ཀྱི་རྩ་བ་དེ་ང་ཚོའི་མི་རབས་གསར་པ་ཡོང་མཁན་དེ་དག་གི་ཤེས་ཡོན་ལ་རག་ལུས་ཡོད།
དེར་བརྟེན་ང་ཚོ་བཙན་བྱོལ་བ་ཐོག་མར་ཆགས་པའི་ལོ་དང་པོ་དེ་ནས་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་སློབ་གྲྭ་འཛུགས་རྒྱུ་དེ་གལ་ཆེ་ཤོས་བརྩིས་ཏེ་ལས་ཀ་བྱས་པ་ཡིན། དེ་དུས་དགོན་པ་རྒྱག་རྒྱུར་བསམ་བློ་བཏང་མེད། དགེ་འདུན་ཆིག་སྟོང་ལྷག་ཡོད་པ་དེ་དག་ཁ་མ་ཐོར་བའི་ཆེད་སྦག་སར་ཆོས་སྒར་དུ་བསྡད་པ་མ་གཏོགས་དགོན་པ་གྲྭ་ཚང་ཁྲ་ཁྲ་ཟིང་ཟིང་རྒྱག་རྒྱུའི་བསམ་བློ་བཏང་མེད། སློབ་གྲྭ་རྒྱག་རྒྱུ་དེ་གལ་ཆེན་པོ་བརྩིས་པ་ཡིན། གང་ལ་ཞེ་ན། ང་ཚོའི་བློ་ཡུལ་ལས་འདས་པའི་དཀའ་ངལ་དེ་དེང་དུས་ཤེས་ཡོན་གྱི་མ་འདང་བའི་རྐྱེན་གྱིས་གནས་ཚུལ་དེ་བྱུང་བ་རེད། ཆོས་ཀྱི་ཤེས་ཡོན་མ་འདང་བའི་སྐྱོན་ཕལ་ཆེར་མ་རེད། དེང་དུས་ཤེས་ཡོན་གྱི་མ་འདང་པ་དང་འཛམ་གླིང་འགྱུར་འགྲོས་ལ་དོ་སྣང་མ་བྱས་པར་ཚུར་ཕྱོགས་འདིར་ཕྱག་མཆོད་འབུལ་དང་ཞབས་བརྟན་བྱས་ན་འགྲིག་འགྲོ་གི་རེད་བསམས་ཏེ། རྨོངས་དད་མིན་ཡང་བྱེད་སྟངས་དེ་རྨོངས་དད་རང་བྱས་པར་བརྟེན་ང་ཚོར་གྱོང་རག་སོང། དེར་བརྟེན་ང་ཚོ་བཙན་བྱོལ་བ་ཆགས་རྗེས་དེང་དུས་ཤེས་ཡོན་འཛམ་གླིང་སྤྱི་དང་མཐུན་པར་རྗེས་ཟིན་ཐུབ་པ་ཞིག་དགོས་ཀྱི་འདུག ཅེས་སློབ་གྲྭ་དེ་དག་བཙུགས་པ་རེད། སྐབས་དེ་དུས་ནི་རུས་དམིགས་བསལ་གྱི་ཐུགས་ཁུར་བཞེས་ཡོད། རྒྱ་གར་ནང་ཡོད་པའི་མི་རབས་གསར་པ་དེ་དག་ལ་དེང་དུས་ཤེས་ཡོན་གང་ཙམ་ཞིག་ཡོད། འོན་ཀྱང་ད་དུང་འདོད་པ་ཚིམ་པའི་ཤེས་ཡོན་ཚད་མཐོན་པོ་བསླེབས་པ་དང་སྤུས་དག་པོ་ཡོད་པ་དེ་འདྲ་ཉུང་ཉུང་རེད་འདུག
མི་ཚོས་ལོ་དང་ཟླ་བ་བསྐྱལ་ནས་སློབ་སྦྱོང་བྱེད་རྒྱུ་དེ་དག་ང་ཚོས་བདུན་ཕྲག་ནང་རིག་པ་སྒྲིམ་སྟེ་ནུས་ཤུགས་རྒྱག་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། གང་ལ་ཞེ་ན་ང་ཚོ་ཛ་དྲག་གི་གནས་ཚུལ་ཐོག་གནས་ཡོད། དེར་བརྟེན་དེ་ཚང་མས་ཤུགས་བསྐྱེད་དེ་བྱེད་རོགས་ཞེས་ཟེར་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་ཡོད། ལས་རིམ་གྱི་མཐའ་མར་མོན་གྷོ་ས་གནས་འཐུས་ཚོགས་ཀྱི་ཚོགས་གཞོན་གྱིས་ཐུགས་རྗེ་ཆེ་གསུང་བཤད་གནང་སྟེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ། མི་མང་གི་ཚོགས་ཆེན་གྲུབ་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་མིའི་གཞིས་ཆགས་ཉེ་འགྲམ་ཞིག་ཏུ་དེ་སྔ་༸གོང་ས་མཆོག་གིས་ཡུལ་མི་ཚོའི་ཆེད་དུ་རོགས་དངུལ་ས་ཡ་གཅིག་གསོལ་རས་སྩལ་ནས་གསར་རྒྱག་གནང་བའི་བཟོ་ལས་སྦྱོང་བརྡར་བསྟི་གནས་ཁང་ཞིག་ཡོད་པ་དབུ་འབྱེད་དང་། སྦྱོང་བརྡར་ཁང་དེའི་ནང་ཐུགས་ཞིབ་མཛད་ཆེད་ཆིབས་སྒྱུར་བསྐྱངས་ཡོད། མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོོ་མཆོག་གིས་ལས་གཞི་དངོས་སུ་གྲུབ་ཐུབ་པ་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་བ་སོགས་ཀྱི་བཀའ་སློབ་དང་། སློབ་གྲྭའི་སློབ་ཕྲུག ༢༠༠ ཙམ་ཡོད་པ་ཉིན་གཅིག་གླིང་ག་གཏོང་དགོས་པ་བཀའ་ཕེབས་ཏེ་ཧིན་སྒོར་ ༡༠༠༠༠ གསོལ་རས་སྩལ་ཡོད།