༢༠༡༡ ཟླ་ ༡ ཚེས་ ༢༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༢༢ ནས་འགོ་བཙུགས་ཀྱིས་ཚེས་ ༢༨ བར་བདུན་གཅིག་རིང་ལྷོ་ཨ་མི་རི་ཁའི་གླིང་ཆེན་ནང་རྟེན་གཞི་བྱས་པའི་ཡུ་རུ་གུའི་ (Uruguay) རྒྱལ་ཁབ་ཏུ་ཡུལ་འཁོར་སྤྲོ་འཆམ་བྱེད་སའི་མཚོ་འགྲམ་གྱི་ས་ཁུལ་འཛམ་གླིང་ནང་གྲགས་ཆེ་བ་པུན་ཊ་ཌེལ་ཨེ་སི་ཏ་(Punta del Este) ཞེས་པའི་ནང་བོད་དོན་གོ་རྟོགས་ཀྱི་ལས་གཞི་(Tibet Awareness Week) སྤེལ་མུས་ཡིན།
སྐབས་དེར་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ཐང་ཀ་དང་པར་རིགས་འགྲེམས་སྟོན། བོད་དོན་གློག་བརྙན། བོད་ཀྱི་ནང་ཆོས་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་བ་མ་ཟད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་༸ཞབས་སོར་འཁོད་མཚམས་ཀྱི་མཛད་རྣམ་དང་འབྲེལ་བའི་སྐུ་པར་ཁག་གཅིག་ཀྱང་འགྲེམས་སྟོན་ཞུ་རྒྱུའི་ལས་འགུལ་སྤེལ་བཞིན་འདུག ལས་འགུལ་དེ་བཞིན་གོ་སྒྲིག་གནང་མཁན་ཡུ་རུ་གུའི་བོད་དོན་རྒྱབ་སྐྱོར་བ་དང་རྩོམ་པ་པོ་ཨ་ལོ་མ་སེལ་ལ་ནེ་སི་(Aloma Sellanes) མཆོག་དང་ལྷོ་ཨ་རིའི་བོད་གཞུང་སྐུ་ཚབ་འབྲེལ་མཐུད་པ་སྐུ་ཞབས་ཚེ་དབང་ཕུན་ཚོགས་ལགས་གཉིས་ཟུང་འབྲེལ་ཐོག་ནས་གནང་བཞིན་ཡོད་པ་བཅས།།