ཀ སྤྱིར་བཏང་རྒྱུན་ཤེས་དགོས་པའི་ལམ་སྟོན་ཁག

༡། ཕ་མ་སོ་སོ་དང་དེ་བཞིན་སློབ་ཕྲུག་རྣམས་ནས་སོ་སོའི་ལོ་རྒྱུས། དཔེར་ན། མིང་བྱང་སོགས་ཀྱི་དག་ཆ་དང་། སྐྱེས་ལོ་སྐྱེས་ཚེས་སོགས་ཡིག་ཆ་འདྲ་མིན་ནང་མི་འདྲ་བ་དུས་ད་ལྟའང་མང་དག་ཅིག་ཡོང་བཞིན་འདུག་པར། སློབ་གྲྭའི་ལག་འཁྱེར་གཙོ་བའི། ལག་འཁྱེར་གཞན་ཁག་ག་ཚོད་ཡོད་རུང་ཆ་ཚང་ལ་སོ་སོའི་མིང་བྱང་དང་། ཁྱིམ་མིང་ཡོད་ཚེ་ཁྱིམ་མིང་ ༼རྒྱབ་༽ རྒྱུ་སོགས་དག་ཆ་དང་སྐྱེས་ལོ་ཟླ་ཚེས་གང་ཡིན་དོ་ནན་གྱིས་གཅིག་མཚུངས་བྲིས་དགོས་གལ།

༢། ཕ་མ་ཚང་མས་གསར་སྐྱེས་ཕྲུ་གུའི་སྐྱེས་ཚེས་ལག་འཁྱེར་ངེས་པར་དུ་ཞུ་དགོས། དེ་ཡང་སྨན་ཁང་དུ་སྐྱེས་ན་སྨན་ཁང་བརྒྱུད་ས་གནས་སོ་སོའི་གྲོང་སྡེ་ལས་ཁུངས་དང་། དེ་མིན་སོ་སོའི་ནང་དུ་བཙས་ན་ས་གནས་འགོ་འཛིན་ལས་ཁུངས་བརྒྱུད་གྲོང་སྡེ་ལས་ཁུངས་ནས་ཞུ་དགོས།

༣། འགའ་རེ་ནས་དངུལ་ཁང་དང་ཡིག་ཆ་གཞན་ཁག་ནང་མིང་རྟགས་ཁག་གཉིས་གསུམ་རྒྱག་བཞིན་ཡོད་པར་འབྱུང་འགྱུར་དཀའ་ངལ་མི་འཕྲད་སླད། ལྷ་རབ་བྱུང་ན་ཡིག་ཆ་ཇི་ཡོད་ནང་སོ་སོའི་མིང་རྟགས་གཅིག་རང་བརྒྱབ་དགོས་གལ་ཆེ།

༤། འདས་གྲོངས་སོང་རིགས་སྐབས་འདས་པོའི་མིང་ཐོག་གལ་ཏེ་དངུལ་ཁང་ནང་དངུལ་ཡོད་པ་དང་། དེ་བཞིན་ཉེན་སྲུང་སོགས་ཡོད་ཚེ་དེ་དག་ཞུ་ལེན་ཆེད་རྗེས་ཤུལ་ནང་མིས་ས་གནས་འགོ་འཛིན་བརྒྱུད་རྒྱ་གར་གྲོང་སྡེ་ལས་ཁུངས་ནས་འདས་པོའི་ཚེ་འདས་ལག་འཁྱེར་ངེས་པར་ཞུ་ལེན་གནང་དགོས།

༥། དངུལ་དང་རྩ་ཆེའི་རྒྱན་ཆའི་རིགས་རྐུ་ཤོར་མི་འབྱུང་ཆེད་དངུལ་ཁང་དུ་རྒྱུ་དངོས་དེ་དག་སྲུང་བཅོལ་ཞུ་རྒྱུའི་བཙན་སྒམ་གྱི་མཐུན་རྐྱེན་ཡོད་པ་བེད་སྤྱོད་གནང་གལ།
༦། སྤྱིར་བཏང་རྐྱེན་ངན་གྱི་གནས་ཚུལ་ཇི་འདྲ་ཞིག་འཕྲད་རུང་སྐོར་སྲུང་ལས་ཁུངས་ལ་དུས་འགྱངས་མེད་པར་སྙན་གསན་ཞུ་དགོས།

༧། ཅ་དངོས་རྐུ་ཤོར་དང་བོར་བརླག་བྱུང་སྐབས་སྐོར་སྲུང་ལས་ཁུངས་དང་། མེ་ཤོར་སྐབས་འབྲེལ་ཡོད་མེ་ཤོར་ཉེན་འགོག་ལས་ཁུངས་དང་སྐོར་སྲུང་ལས་ཁུངས་བཅས་ལ་དུས་ཐོག་སྙན་གསན་ཞུ་དགོས་པ་དང་། འབྲེལ་གཏུགས་ཞུ་བདེའི་སླད་ལས་ཁུངས་དེ་དག་གི་ཁ་དཔར་ཨང་གྲངས་ཁྱིམ་ཚང་སོ་སོའི་ནང་རྒྱུན་དུ་ཉར་ཚགས་དགོས་གལ།

༨། གཞིས་ཆགས་ཁག་གི་ནང་དུ་ཡུལ་མི་མཉམ་རྩོད་གཞི་དང་། རྒྱུ་དངོས་ལ་གོད་ཆག་རིགས་བྱུང་སྐབས་གནོད་འཚེ་ཕོག་མཁན་དོ་བདག་དེས་ས་གནས་སྐོར་སྲུང་ལས་ཁུངས་ལ་དུས་ཐོག་སྙན་གསན་(FIR)ཞུ་གཏུགས་གནང་དགོས་པ་ལས་གཞུང་གི་ལས་ཁུངས་ནས་ཁ་མཆུ་བོགས་ལེན་གནང་ཐབས་མ་དགོས་པ་དགོས་རྒྱུ།
༩། དཔྱ་དངུལ་ལག་དེབ་རྙེད་སོན་བྱུང་རིགས་ས་གནས་སོ་སོའི་ས་གནས་འགོ་འཛིན་དང། རང་བདེན་ཚོགས་ཆུང་། དཔལ་འབྱོར་ལས་ཁུངས་གང་རུང་ལ་འཕྲལ་མར་རྩིས་འབུལ་གནང་དགོས།

༡༠། ད་མིའི་རང་དབང་གཅེས་འཛིན་དྭང་བླང་དཔྱ་ཁྲལ་ལག་དེབ་ནང་ནོར་བཅོས་བྱ་དགོས་རིགས་ནོར་བཅོས་བྱ་ཕྱོགས་ཀྱི་ལམ་སྟོན་འབྲུ་དོན་ནོར་བཅོས་གནང་དགོས་ལས། རང་འཚམས་ཀྱིས་འབྲི་བསྲུབ་དང་བཟོ་བཅོས་བྱེད་རིགས་ཕན་ཐོགས་མེད་པ་མ་ཟད། དེ་རྗེས་སྒྲིག་མཐུན་ནོར་བཅོས་ཞུ་རྒྱུར་སྐུ་ངལ་འཕྲད་གཞིར་ཆགས་པས་ཐུགས་སྣང་དགོས་གལ།

༡༡། དཔྱ་དངུལ་ལག་དེབ་བོར་བརླག་ཤོར་ཚེ་ས་གནས་སྐོར་སྲུང་ལས་ཁུངས་སུ་ (FIR) སྙན་གསན་གྱིས། ས་གནས་རང་བདེན་ཚོགས་ཆུང་དང་། ས་གནས་འགོ་འཛིན་བརྒྱུད་བོར་བརླག་འགེངས་ཤོག་བཀང་སྟེ་ལག་དེབ་ངོ་འདྲ་ཞུ་ལེན་ཐུབ་པ་གནང་དགོས།

༡༢། བོད་མིའི་བཙན་བྱོལ་སྤྱི་ཚོགས་ནང་དཔྱ་དངུལ་ལག་དེབ་ཀྱི་ཤོག་བུ་བརྗེ་བསྒྱུར་གྱིས་རྫུན་བཟོ་བྱས་ཏེ་དངུལ་འབབ་ཕོན་ཆེ་སྤྲོད་ལེན་བྱེད་ཀྱི་ཡོད་བཟོ་འདུག་ཀྱང་། དེབ་འདི་རིགས་ཕན་ཐོགས་མེད་པ་ཆགས་རྒྱུ་ལ་སོང་། ཡིག་ཆ་རྫུན་བཟོ་བྱེད་མཁན་གྱི་མགོ་བསྐོར་འོག་མ་ཚུད་པའི་དམ་གཟབ་གནང་ཐོག དེ་འདྲའི་གནས་ཚུལ་ཤེས་རྟོགས་བྱུང་འཕྲལ་ས་གནས་འགོ་འཛིན་ལས་ཁུངས་སམ། རང་བདེན་ཚོགས་ཆུང་། ཡང་ན་དབུས་དཔལ་འབྱོར་ལས་ཁུངས་དང་། བདེ་སྲུང་ལས་ཁུངས་གང་རུང་ལ་སྙན་གསན་ཞུ་དགོས།

༡༣། དཔྱ་དངུལ་ལག་དེབ་རྫུན་བཟོ་བྱེད་མཁན་གྱི་འཆལ་གཏམ་ཙམ་མ་ཡིན་པར་ཁུངས་སྐྱེལ་ར་འཕྲོད་ཐུབ་པའི་དན་རྟགས་ཡོད་ཚེ། དཔལ་འབྱོར་ལས་ཁུངས་སམ། བཀའ་དྲུང་ཡིག་ཚང་། བདེ་སྲུང་ལས་ཁུངས་གང་རུང་ལ་གསང་སྙན་འབུལ་དགོས།

༡༤། དོ་བདག་རང་ཉིད་ཀྱི་ལོ་རེའི་ཡོང་འབབ་རྒྱ་གར་གཞུང་གི་ཁྲལ་འབབ་ཚད་གཞིའི་ནང་ཡོད་ཚེ་ཡུལ་ཁྲིམས་ལྟར་ཁྲལ་འབབ་  (Income Tax)  ངེས་པར་དུ་འབུལ་དགོས།

༡༥། དེང་སྐབས་ལག་ཐོགས་ཁ་དཔར་ལ་སོགས་པའི་འཕྲུལ་ཆས་དང་། ལྷག་པར་ཆ་འཕྲིན་ཡོ་བྱད་ཐོག་ནས་མགོ་སྐོར་སླུ་བྲིད་ཀྱིས་དངུལ་ཕོན་ཆེ་ཐོབ་རྒྱུ་ཡོད་སྐོར་ངན་གཡོའི་རིགས་ལ་མགོ་འཁོར་གྱིས་འདོད་རྔམས་དང་རེ་བས་དངུལ་ཕོན་ཆེ་ཧར་ཤོར་གྱི་གནས་ཚུལ་ཡོང་མུས་དེ་རིགས་ལ་དྭོགས་ཟོན་གནང་དགོས། དེའི་ཐད་ས་གནས་ཀྱི་འབྲེལ་ཆགས་གནད་ཡོད་རྣམས་ནས་འགན་ཁུར་གྱིེས་དུས་ནས་དུས་སུ་མང་ཚོགས་ལ་སློབ་གསོ་ལམ་སྟོན་གནང་གལ།

༡༦། ཆ་འཕྲིན་ཡོ་བྱད་འདི་རིགས་ནང་བྱིས་པ་ལོ་ན་མ་སོན་པས་བལྟ་མི་རུང་བའི་བརྙན་དཔར་སོགས་མང་པོ་ཡོད་པས་རྟག་ཏུ་ཐུགས་སྣང་གིས་རང་གི་བུ་ཕྲུག་ཚོར་ཁ་ཏ་སློབ་གསོ་དང་དོ་སྣང་གནང་གལ།

༡༧། ཚོང་ལས་དང་། དུས་དེབ། ཚགས་དཔར་རིགས་ཡུལ་ཁྲིམས་དགོངས་དོན་འབྲེལ་ཡོད་དེབ་སྐྱེལ་ལས་ཁུངས་ནས་ཆོག་མཆན་ཞུ་དགོས་པ་དང་། དེབ་སྐྱེལ་གྱི་སྒྲིག་གཞི་ལྟར་ཚོགས་པ་ཁག་ནས་སྒྲིག་དོན་འཐུས་ཚང་ལག་བསྟར་ངེས་པར་དུ་ཞུ་དགོས།

༡༨། སོ་སོའི་གཞིས་ཆགས་ཀྱི་བདེ་འཇགས་སླད་བོད་མི་གཙོས་ཕྱི་མི་གསར་པ་སུ་འབྱོར་ལ་དོ་སྣང་གིས་དྭོགས་གཞི་ཡོད་པའི་གནས་ཚུལ་རིགས་ཤེས་རྟོགས་བྱུང་འཕྲལ་སྐབས་མཚམས་སོ་སོར་འབྲེལ་ཡོད་ས་གནས་འགོ་འཛིན་ལས་ཁུངས་སུ་སྙན་གསན་ངེས་པར་ཞུ་དགོས། ལྷག་པར་ཕྱི་མི་ཡིན་ན་ཁྲིམས་ལུགས་ལྟར་ (C Form) བཀང་ནས་ས་གནས་སྐོར་སྲུང་ལས་ཁུངས་སུ་འབུལ་དགོས།

༡༩། གཞིས་མི་ཚང་མས་རྣམ་ཀུན་ནས་ཡུལ་མི་དང་མཉམ་མཐུན་འབྲེལ་བྱ་རྒྱུ་དང་། ལྷག་པར་དུ་ཡུལ་མིའི་གོམས་སྲོལ་ལ་གནོད་གཞིའི་རིགས་ལ་འཛེམས་སྤང་བྱ་དགོས།

༢༠། ས་གནས་ཀྱི་ཚོགས་སྐྱིད་ཁག་གི་ལས་ཁུངས་དང་། བོད་མི་སྒེར་ཁང་བཅས་སུ་དུས་ཆེན་གལ་ཆེ་རིགས་ཕུད་དེ་མིན་ཉིན་ལྟར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་མི་དགོས་པ་བྱ་ལེགས།

༢༡། ཁྲིམས་དང་མ་མཐུན་པའི་ས་ཁང་རིགས་ཉོ་ཚོང་གཏན་ནས་བྱ་མི་རུང་།

༢༢། བོད་གཞུང་ལས་ཁུངས་ཁག་གི་ངོས་སབྱོར་རྫུན་བཟོ་བྱས་ཏེ་ཞལ་འདེབས་བསྡུ་སློང་སོགས་བྱེད་མཁན་རིགས་ཡོད་འདུག་པར་དེ་རིགས་ལ་དྭོགས་ཟོན་ངེས་པར་བྱས་ཏེ་བདེ་སྲུང་ལས་ཁུངས་དང་། ས་གནས་འགོ་འཛིན་གང་རུང་ལ་སྙན་གསན་ཞུ་དགོས།

༢༣། ཤིང་ནགས་ལས་ཁུངས་ཀྱི་ས་ཆ་དང་། གཞན་གྱི་བདག་ཏུ་བཟུང་བའི་ས་ཆའི་ཐོག་རླུང་དར་སྒྲེང་འཛུགས་རིགས་གང་བྱུང་དུ་བཙུགས་མི་རུང་།

ཁ རྒྱ་གར་དུ་གནས་སྡོད་ཆོག་པའི་ལག་འཁྱེར་དང་འབྲེལ་བའི་ལམ་སྟོན། རྒྱ་གར་དུ་གནས་སྡོད་ཆོག་པའི་ལག་འཁྱེར་ཞེས་པ་ ༡ རྒྱ་གར་དུ་གཏན་སྡོད་ཆོག་པའི་ལག་འཁྱེར་ Registration Certificate & Residential Permit དང་། ༢ རྒྱ་གར་དུ་རྒྱུན་རིང་གནས་སྡོད་ཆོག་པའི་ལག་འཁྱེར།  (Long Term Stay Certificate)  ༣ རྒྱ་གར་དུ་དམིགས་བསལ་འཛུལ་ཞུགས་ཆོག་པའི་ལག་འཁྱེར་ (Special Entry Permit) བཅས་ལ་གོ་དགོས། ལག་འཁྱེར་དེ་དག་དུས་འགྱངས་ཞུ་སྒོ་དང་། བདག་གཉེར་གནང་ཕྱོགས་ལ་སོགས་པའི་རྒྱུན་ཤེས་དགོས་གལ་ཆེ་བའི་ལམ་སྟོན་ཁག་གཤམ་གསལ།


༡། རྒྱ་གར་དུ་གནས་སྡོད་ཆོག་པའི་ལག་འཁྱེར་ཇི་འདྲ་ཞིག་ཡིན་རུང་། དམ་གཟབ་ཀྱིས་བདག་ཉར་བྱེད་དགོས་ཐོག དུས་འགྱངས་སུ་མ་སོང་བར་དུས་ཚོད་ཕར་འགྱངས་བཀའ་འཁྲོལ་ངེས་པར་ངོ་བཅར་གྱིས་ཞུ་དགོས།

༢། དུས་ཚོད་ཕར་འགྱངས་ཞུ་དུས་ཀྱི་ཉིན་གྲངས་ ༡༥ ཙམ་གྱི་སྔོན་ནས་དུས་ཚོད་ཕར་འགྱངས་ཀྱི་སྙན་ཞུ་དང་སྦྲགས་དུས་འགྱངས་བཀའ་འཁྲོལ་ཞུ་དགོས། དུས་ཐོག་བཀའ་འཁྲོལ་མ་ཞུས་པའི་རིགས་ལ་འགྱངས་ཆད་ཕོག་སྲིད་པས་དོ་བདག་སོ་སོས་དོ་ནན་གནང་དགོས།

༣། བདུན་ཕྲག་བརྒྱད་ལྷག་ཕྱོགས་བསྐྱོད་བྱ་དགོས་རིགས་སྒྲིག་མཐུན་གནས་སྡོད་ལག་འཁྱེར་ཐོག་ཐོན་འབྱོར་མཆན་ (Arrival & Departure) ས་གནས་སོ་སོ་ནས་ཞུ་དགོས་ཤིང་། ཕྱོགས་བསྐྱོད་སྐབས་ལག་དེབ་ངེས་པར་དུ་མཉམ་འཁྱེར་གནང་དགོས།

༤། རྒྱ་གར་དུ་གནས་སྡོད་ཆོག་པའི་ལག་འཁྱེར་ཞུ་ཡུལ་ནས་རྒྱ་གར་གྱི་ས་གནས་གཞན་དུ་གནས་སྤོ་བྱ་དགོས་རིགས་གནས་སྤོ་བྱ་ཡུལ་གྱི་ས་གནས་སུ་གནས་སྡོད་ལག་འཁྱེར་སྤོ་བཞུད་བྱ་ལམ་ཡོད་པ་སྒྲིག་མཐུན་ལྟར་སྤོ་བཞུད་གནང་དགོས།

༥། རྒྱ་གར་དུ་གནས་སྡོད་ཆོག་པའི་ལག་འཁྱེར་བོར་བརླག་སོང་རིགས། ཐག་ཉེའི་སྐོར་སྲུང་ལས་ཁུངས་ལ་སྙན་གསན་དེབ་སྐྱེལ་ཞུས་པའི་ངོས་སྦྱོར་ཞུས་ཏེ། ས་གནས་འགོ་འཛིན་ལས་ཁུངས་བརྒྱུད་འབྲེལ་ཡོད་ཕྱི་མི་དེབ་སྐྱེལ་ལས་ཁུངས་ (FRO) ལ་གནས་སྡོད་ལག་འཁྱེར་ངོ་འདྲ་བཟོ་ཆེད་ཞུ་གཏུགས་གནང་དགོས།

༦། བོད་མི་འདས་གྲོངས་སོང་བའི་གནས་སྡོད་ལག་འཁྱེར་འབྲེལ་ཡོད་ཕྱི་མི་དེབ་སྐྱེལ་ལས་ཁུངས་ (FRO) ལ་སྙན་གསན་དང་འབྲེལ་རྩིས་འབུལ་ཞུ་དགོས།

༧། གནས་སྡོད་ལག་འཁྱེར་གྱི་ནང་དོན་ལ་རང་འཚམས་ཀྱིས་འབྲི་བསུབ་དང་། བཟོ་བཅོས་བྱེད་རིགས་ཁྲིམས་འགལ་ཡིན་པས་དེ་རིགས་རྩ་བ་ནས་གནང་མི་ཆོག

༨། གནས་སྡོད་ལག་འཁྱེར་ནང་བཀོད་བརྡ་ཁྱབ་ལམ་སྟོན་དོན་ཚན་ཁག་ལ་ཐུགས་སྣང་གིས་འགལ་འཛོལ་མེད་པ་གནང་དགོས།

༩། རྒྱ་གར་ནས་ཕྱི་རྒྱལ་ཡུལ་གྲུ་གང་དུ་གཏན་འཇགས་གནས་སྤོ་བྱ་དགོས་རིགས་འབྲེལ་ཡོད་ཕྱི་མི་དེབ་བསྐྱེལ་ལས་ཁུངས་ (FRO) ནས་ཕྱི་ཐོན་ཆོག་མཆན་ Exit Permit ཞུ་དགོས་པ་དང་ཆབས་ཅིག་རྒྱ་གར་དུ་གནས་སྡོད་ལག་འཁྱེར་རྩིས་འབུལ་ཞུ་དགོས། དེ་བཞིན་ཕྱི་རྒྱལ་ཁག་ལ་གནས་སྐབས་བསྐྱོད་དགོས་རིགས་གོང་གསལ་ལས་ཁུངས་ནས་ཕྱི་ཐོན་ཆོག་མཆན་ཞུས་རྗེས་གནས་སྡོད་ལག་འཁྱེར་ཐོག་ཐོན་ཚེས་དང་། དེ་ནས་འབྱོར་སྐབས་འབྱོར་ཚེས་བཅས་དེབ་འགོད་ཞུ་དགོས།

༡༠། མངའ་སྡེ་སོ་སོའི་ཁྲིམས་ལུགས་ལྟར་བོད་ཕྲུག་རང་ལོ་ ༡༦ དང་ ༡༨ སོན་རིམ་བཞིན་རྒྱ་གར་དུ་གནས་སྡོད་ཆོག་པའི་ལག་འཁྱེར་ (RC) དུས་འགྱངས་མེད་པར་གསར་བཟོ་དགོས་གལ།

༡༡། བོད་མི་བཙན་བྱོལ་བ་གང་ཞིག་རྒྱ་གར་དུ་གནས་སྡོད་ཆོག་པའི་རྒྱ་གར་གཞུང་ནས་བསྩལ་བའི་ལག་འཁྱེར་ (RC, SEP, LTS) གང་རུང་ཡོད་བཞིན་ཐོག་རྒྱལ་ཁབ་གཞན་གྱི་མི་སེར་ལག་འཁྱེར་མཉམ་ཉར་བྱས་ན་ཁྲིམས་འགལ་ཡིན་པ་བཅས་གོང་གསལ་དོན་ཚན་ཁག་ལ་ཚང་མས་དོ་སྣང་ངེས་པར་གནང་གལ་ཆེ་བའི་གསལ་བསྒྲགས་སུ། བོད་གཞུང་བདེ་སྲུང་ལས་ཁུངས་ནས་ ༢༠༡༠ ཟླ་ ༡༢ ཚེས་ ༦ ལ་ཕུལ།།

Share with your friends










Submit