༢༠༡༠ ཟླ་ ༡༠ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༢༦ རེས་གཟའ་མིག་དམར་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རི་དང་ཁེ་ཎ་ཌའི་མཛད་འཕྲིན་གྱི་ཉིན་མཐའ་མ་དེར་ཐོག་མར་ཨ་རིའི་གཞུང་འབྲེལ་བརྒྱུད་ལམ་སི་ཨེན་ཨེན་ (CNN) བརྙན་འཕྲིན་གྱི་ཆེད་གཉེར་གསར་འགོད་པ་ཧ་ལ་གྷོ་ར་ནིས་༸གོང་ས་མཆོག་གི་ཐེངས་འདིའི་ཆིབས་སྒྱུར་དང་རྒྱ་ནག སྐུ་ཞབས་ལིའུ་ཞའོ་པོ། བྱམས་བརྩེའི་ཉམས་ལེན་བྱེད་ཚུལ་བཅས་ཀྱི་གནད་དོན་ཐོག་ཆེད་དོན་དྲི་བ་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ། དེ་རྗེས་༸གོང་ས་མཆོག་གྲོང་ཁྱེར་མི་ཡ་མིའི་ནང་རྟེན་གཞི་བྱས་པའི་ཨི་མ་ནུ་ཨེལ་ (Temple Emanu-EL) ཞེས་པའི་ལྷ་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་ཚོགས་བཅར་བ་གྲངས་ ༡༥༠༠ ཙམ་ལ་འཛམ་གླིང་ཆོས་ལུགས་ཁག་གི་གལ་གནད།
ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ། དེ་ཡང་མགོན་པོ་གང་ཉིད་མཆོག་ཐོག་མར་ཚོགས་ཁང་གི་ཞབས་སྟེགས་སྟེང་༸ཞབས་སོར་མ་འཁོད་གོང་ཇིའུ་དང་ཁེ་ཐོ་ལིག (Catholic) པོར་ཊེ་སི་ཊེན། (Protestant) ཁ་ཆེ། ཧིན་སྡུ། གཅེར་བུ་བ་བཅས་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་རྣམས་དང་ལྷན་མཇལ་འཕྲད་མཛད། དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་ཡོང་བ་བྱ་རྒྱུ་དེ་ནི་ངོས་ཀྱི་འགན་ཁུར་གཙོ་གཉིས་ལས་གཅིག་ཡིན། སྤྱི་ཚོགས་ནང་གི་མི་མང་ཚོར་ཆོས་ཀྱི་བསམ་བློ་དང་བག་ཆགས་འདྲ་མིན་ཡོད་པ་རྣམས་ཀྱི་རེ་བ་སྐོང་ཆེད་ཆོས་ལུགས་འདྲ་མིན་དགོས་རྒྱུ་དེ་གལ་ཆེ་ཆགས་ཡོད། ལྟ་གྲུབ་ཀྱི་རྣམ་གཞག་ཐོག་ནས་བརྗོད་ན་ཆོས་ལུགས་ཕན་ཚུན་དབར་ཁྱད་པར་ཆེན་པོ་ཡོད། འོན་ཀྱང་ཆོས་ལུགས་ཚང་མའི་ནང་བྱམས་བརྩེའི་བསླབ་བྱ་ཡོད་པ་མ་ཟད། ཆོས་ལུགས་ཚང་མའི་ནང་འགྲོ་བ་མིའི་རིགས་ལ་ཕན་པ་བསྒྲུབ་རྒྱུའི་ནུས་པ་ཡོད་ཅེས་བཀའ་སློབ་སྩལ། ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གིས་ཐབས་ལམ་བཞིའི་ཐོག་ནས་འཛམ་གླིང་ནང་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་གཏོང་ཐུབ་སྲིད་སྐོར་གྱི་བཀའ་སློབ་སྩལ་དོན། དང་ཐོག་དེར་ཆོས་ལུགས་སོ་སོའི་མཁས་དབང་རྣམས་ལྷན་འཛོམས་ཐོག་ཆོས་ལུགས་སོ་སོའི་ངོ་བོ་ཇི་འདྲ་ཡིན་མི་དང་ཆོས་ལུགས་ནང་ཕན་ཚུན་མཐུན་པའི་ཆ་ཇི་ཡོད་རྣམས་གོ་རྟོགས་སྤེལ་དགོས། གཉིས་པ་དེར་ཆོས་ལུགས་འདྲ་མིན་གྱི་ཉམས་ལེན་པ་ཚོ་ལྷན་འཛོམས་ཐོག་ཆོས་ལུགས་ཕན་ཚུན་དབར་མཐུན་པའི་ཆ་གང་ཡིན་སྐོར་གོ་བསྡུར་གནང་དགོས་པ་ཡིན་ཞེས་བཀའ་སྩལ་བ་དང་སྦྲགས་སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་ཡེ་ཤུའི་བླ་མ་ཐོ་མ་སི་མེར་ཏོན་ (Trappist monk Thomas Merton) མཆོག་དང་མཇལ་འཕྲད་བྱུང་བའི་སྐོར་ཐུགས་དྲན་གསོ་མཛད། དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་མུ་མཐུད་བཀའ་སློབ་སྩལ་དོན། གསུམ་པ་དེར་ཆོས་ལུགས་དབུ་ཁྲིད་ཚོ་ལྷན་འཛོམས་ཐོག་ཆོས་ལུགས་ཚང་མའི་ཐུན་མོང་གི་བསླབ་བྱ་དེ་དག་གོ་རྟོགས་སྤེལ་དགོས། དཔེར་ན་ཕྱི་ལོ་ ༡༩༨༦ ལོར་ཡེ་ཤུའི་བླ་ཆེན་པོཔ་ཇོན་པོལ་གཉིས་པ་ (Pop john Paul II) མཆོག་གིས་ཚོགས་འདུ་དེ་འདྲ་ཞིག་གོ་སྒྲིག་གནང་ཡོད། བཞི་པ་དེར་ཆོས་ལུགས་དབུ་ཁྲིད་ཚོ་དང་ཆོས་ལུགས་སོ་སོའི་ཉམས་ལེན་པ་ཚོ་ལྷན་དུ་ཆོས་ལུགས་འདྲ་མིན་སོ་སོའི་གནས་ཆེན་ཁྱད་པར་ཅན་ཡོད་སར་གནས་མཇལ་དུ་ཕེབས་དགོས་ཞེས་བཀའ་སློབ་སྩལ་བ་དང་སྦྲགས། མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་བྱང་ཕྱོགས་ནང་པའི་གནས་ཆེན་ཝ་ར་ཎཱ་སི་དང་། ཇེ་རུ་ས་ལེམ་ནང་དེ་འདྲའི་གནས་མཇལ་དུ་ཆིབས་སྒྱུར་བསྐྱངས་གནང་མཛད་པ་དེས་ཕན་རླབས་ཆེན་པོ་བྱུང་ཚུལ་སྐོར་བཀའ་སློབ་སྩལ། དེ་བཞིན་༸གོང་ས་མཆོག་གིས་སྐབས་ཤིག་ལ་དབྱིན་ཡུལ་ནང་ཡེ་ཤུའི་གོ་སི་པེལ་སློབ་ཁྲིད་མཛད་ཡོད་སྐོར་བཀའ་སློབ་སྩལ། དེ་རྗེས་ཚོགས་བཅར་བ་རྣམས་ཀྱི་དྲི་བར་བཀའ་ལན་མཛད། ཉིན་རྒྱབ་༸གོང་ས་མཆོག་གིས་དཀའ་ངལ་གྱི་དུས་སྐབས་ནང་བདེ་སྐྱིད་འཚོལ་བ། ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་ཡོད་འདུག