༢༠༡༠ ཟླ་ ༡༠ ཚེས་ ༣༠ རེས་གཟའ་སྤེན་པ།
༄༅། །༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༡༡ ནས་ ༢༦ བར་ཨ་རི་དང་ཁེ་ཎ་ཌའི་ནང་ཆིབས་སྒྱུར་གྱིས་རླབས་ཆེན་མཛད་འཕྲིན་རྒྱ་ཆེ་བསྐྱངས་ཡོད། དེ་ཡང་ཕྱི་ཚེས་ ༡༢ དང་ ༡༣ ཉིན་མགོན་པོ་གང་ཉིད་མཆོག་གིས་ཨ་རིའི་མངའ་སྡེ་ཁལ་ལི་ཕོར་ནི་ཡའི་ནང་ཆོས་འབྲེལ་དང་བཀའ་སློབ་སྩལ་ཡོད་པ་མ་ཟད། ཚེས་ ༡༢ ཉིན་ས་གནས་བོད་མི་ཚོར་མཇལ་ཁ་སྩལ་རྗེས་དད་ལྡན་མང་ཚོགས་རྣམས་ལ་བློ་སྦྱོང་ཚིགས་བརྒྱད་མ་དང་སེམས་བསྐྱེད་སོགས་ཀྱི་ཆོས་འབྲེལ་དང་བཀའ་སློབ་སྩལ། ཕྱི་ཚེས་ ༡༣ ཉིན་༸གོང་ས་མཆོག་གིས་སེན་ཧོ་སིའི་གཙུག་ལག་སློབ་གྲྭའི་ཚོགས་ཁང་དུ་འོད་དཔག་མེད་ཀྱི་རྗེས་གནང་དང་ཕྱི་ཚེས་ ༡༤ ཉིན་གྲོང་ཁྱེར་པཱ་ལོ་ཨལ་ཊོའི་ནང་རྟེན་གཞི་བྱས་པའི་སཊྣ་ཕོཌ་གཙུག་ལག་སློབ་གྲྭའི་ནང་སྒེར་གྱི་མི་ཚེ་དང་སྤྱི་ཚོགས་ནང་བྱམས་བརྩེའི་གལ་གནད། ཅེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་བ་མ་ཟད། ཉིན་དེར་ཨ་རིའི་གཙུག་ལག་སློབ་གྲྭ་འདྲ་མིན་ནས་ཕེབས་པའི་རྒྱ་རིགས་སློབ་ཕྲུག་དང་གཙུག་ལག་སློབ་དཔོན། ཤེས་ཡོན་མི་སྣ་བཅས་དང་ལྷན་བོད་ཀྱི་གནད་དོན་སྐོར་བགྲོ་གླེང་མཛད། ཕྱི་ཚེས་ ༡༥ ཉིན་སཊྣ་ཕོཌ་གཙུག་ལག་སློབ་གྲྭས་གོ་སྒྲིག་གནང་བའི་ཚན་རིག་གི་ལམ་ནས་བྱམས་བརྩེ་དང་གཞན་ཕན་འཚོལ་བ། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ། ཕྱི་ཚེས་ ༡༦ ཉིན་ཨ་རིའི་ཇོར་ཇི་ཡའི་མངའ་སྡེའི་ཨེཊ་ལེན་ཊའི་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་འབྲས་སྤུངས་བློ་གསལ་གླིང་གི་ཆོས་ཚོགས་གསར་བཞེངས་ལ་རབ་གནས་མཛད། ཕྱི་ཚེས་ ༡༧ ནས་ ༡༩ བཅས་ཉིན་གྲངས་གསུམ་རིང་༸གོང་ས་མཆོག་གིས་ཨི་མོ་རིའི་གཙུག་ལག་སློབ་གྲྭའི་ནང་མཛད་འཕྲིན་བསྐྱངས་ཡོད། དེ་ཡང་ཕྱི་ཚེས་ ༡༧ ཉིན་མགོན་པོ་གང་ཉིད་མཆོག་གིས་ཨི་མོ་རིའི་གཙུག་ལག་སློབ་གྲྭའི་ནང་ཆོས་ལུགས་འདྲ་མིན་གྱི་མི་སྣ་དང་མཇལ་འཕྲད་ཀྱིས་བདེ་སྐྱིད་སྐོར་གྱི་ཚོགས་འདུ། ཞེས་པའི་ཆོས་ལུགས་མཐུན་སྒྲིལ་གྱི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ། ཕྱི་ཚེས་ ༡༨ ཉིན་ཨི་མོ་རིའི་གཙུག་ལག་སློབ་གྲྭའི་ནང་ཚན་རིག་པ་དང་ལྷན་ (Compassion Meditation: Mapping Current Research and Charting Future Directions) ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུར་ལྷན་བཞུགས་མཛད་པ་མ་ཟད། ཉིན་དེར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་མཱ་རི་ཡ་ཨོ་ཊེ་རོ་ (Maria Otero) མཆོག་དང་མཇལ་འཕྲད་མཛད། ཕྱི་ཚེས་ ༢༠ ཉིན་ཨ་རིའི་ཨོ་ཧ་ཡོའི་མངའ་སྡེའི་གྲོང་ཁྱེར་སིན་སེ་ནེ་ཊིའི་ནང་རྟེན་གཞི་བྱས་པའི་ (The National Underground Railroad Freedom Center) ཞེས་པའི་ཚོགས་པས་རྒྱལ་སྤྱིའི་རང་དབང་གི་ལམ་སྣེ་འདྲེན་མཁན་ཞེས་པའི་རང་དབང་གཟེངས་རྟགས་དེ་མགོན་པོ་གང་ཉིད་མཆོག་གིས་ལ་འབུལ་ལམ་ཞུས། ཕྱི་ཚེས་ ༢༡ ཉིན་༸གོང་ས་མཆོག་གིས་མ་ཡཱ་མིའི་གཙུག་ལག་སློབ་གྲྭའི་ནང་དེང་འཛམ་གླིང་ནང་གི་བཟང་སྤྱོད། ཅེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་བ་མ་ཟད། ཉིན་དེར་མ་ཡཱ་མིའི་གཙུག་ལག་སློབ་གྲྭའི་ཁྲིམས་ལུགས་རིག་པ་སྨྲ་བའི་ཕྱག་འཁྱེར་ (Doctor of law) ཞེས་པ་དེ་ཡང་མགོན་པོ་གང་ཉིད་མཆོག་གིས་འབུལ་བཞེས་མཛད་ཡོད། ཕྱི་ཚེས་ ༢༢ ཉིན་༸གོང་ས་མཆོག་ཁེ་ཎ་ཌར་ཆིབས་སྒྱུར་བསྐྱངས་ཏེ་ཁེ་ཎ་ཌའི་གྲོང་ཁྱེར་ཊོ་རོན་ཊོའི་རི་ཇར་སེན་ཊར་ཚོགས་ཁང་དུ་འགྲོ་བ་མིས་འཛམ་གླིང་ཞི་བདེ་བསྐྲུན་རྒྱུའི་ཐབས་ལམ། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ། ཕྱི་ཚེས་ ༢༣ ཉིན་༸གོང་ས་མཆོག་གིས་ཊོ་རོན་ཊོའི་ས་གནས་བོད་རེིགས་ཚོགས་པའི་ཚོགས་ཁང་གངས་ལྗོངས་ཆོས་ལྡན་གླིང་དབུ་འབྱེད་མཛད། ཕྱི་ཚེས་ ༢༤ ཉིན་ཁེ་ཎ་ཌའི་བོད་རིགས་ཚོགས་པས་༸གོང་ས་༸སྐྱབས་མགོན་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུས་ཡོད། དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་བློ་སྦྱོང་ཚིགས་བརྒྱད་མ་དང་ལམ་གཙོ་རྣམ་གསུམ་སོགས་ཀྱི་ཆོས་འབྲེལ་མཛད་པ་མ་ཟད། ཉིན་དེར་བོད་རྒྱ་མི་རིགས་མཐུན་ཚོགས་སུ་བཀའ་སློབ་སྩལ། ཕྱི་ཚེས་ ༢༥ ཉིན་༸གོང་ས་མཆོག་སླར་ཡང་ཨ་རིར་ཆིབས་སྒྱུར་བསྐྱངས། ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་གིས་ཨ་རིའི་གཞུང་འབྲེལ་བརྒྱུད་ལམ་ (CNN) བརྙན་འཕྲིན་གྱི་གསར་འགོད་པའི་ཆེད་དོན་དྲི་བར་བཀའ་ལན་མཛད། དེ་རྗེས་ཆོས་ལུགས་མཐུན་སྒྲིལ་གྱི་ཚོགས་མགོན་དུ་ཆིབས་སྒྱུ༜ར་བསྐྱངས་ཏེ་འཛམ་གླིང་ཆོས་ལུགས་ཀྱི་གལ་གནད་ཅེས་པ་དང་། ཉིན་རྒྱབ་དཀའ་ངལ་གྱི་དུས་སྐབས་སུ་བདེ་སྐྱིད་འཚོལ་བ། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་བ་སོགས་ཀྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་ཕྱི་ཟླ་ ༡༠ ཚེས་ ༢༩ ཕྱེད་ཡོལ་ཆུ་ཚོད་ ༡།༣༠ ཙམ་ལ་བཞུགས་སྒར་དུ་༸ཞབས་འཁོད་སྐབས་བོད་མི་གཙོ་བོར་གྱུར་བའི་དད་ལྡན་མང་ཚོགས་རྣམས་ཀྱིས་ལག་ཏུ་སྤོས་སྣེ་དང་དཀར་གཙང་མཇལ་དར་ཐོགས་ཏེ་མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་བཅས།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རི་དང་ཁེ་ཎ་ཌའི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ།
གསར་གནས།
འབྲེལ་གནས།