༢༠༡༠ ཟླ་ ༡༠ ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༢༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁེ་ཎ་ཌའི་གྲོང་ཁྱེར་ཊོ་རོན་ཊོའི་རོ་ཇར་སི་བསྟི་གནས་ཁང་དུ་ (Rogers Centre) མང་ཚོགས་སྟོང་ཕྲག་བརྒལ་བར་དེང་དུས་གཞོན་སྐྱེས་ཚོའི་བྱེད་སྒོ་དང་སེམས་ནང་ཞི་བདེ་བསྐྲུན་ཐབས། བྱམས་བརྩེ་དང་འཛམ་གླིང་ཞི་བདེ། བཅས་བརྗོད་གཞི་འདྲ་མིན་གྱི་ཐོག་བཀའ་སློབ་སྩལ་ཡོད། དེ་ཡང་མཛད་སྒོའི་ཐོག་མར་བྱིས་པའི་རང་དབང་འཐབ་རྩོད་གནང་མཁན་གྱི་ཚོགས་པ་ (Free the Children) གསར་གཏོད་གནང་མཁན་ཁེ་རེག་ཀེལ་བྷར་གྷར་ (Craig Kielburger) ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ངོ་སྤྲོད་གནང་གྲུབ་མཚམས། ༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། གཞི་རྩའི་འཛམ་གླིང་འདིའི་སྟེང་འགྲོ་བ་མི་ཐམས་ཅད་གཅིག་འགྱུར་ཡིན། འོན་ཀྱང་མི་ཚང་མས་འཛམ་གླིང་ནང་གི་མི་ཐེར་འབུམ་དྲུག་ཡོད་པ་ཚང་མ་སེམས་ཀྱི་འཚོར་སྣང་དང་ལུས་ཀྱི་ཐོག་ནས་གཅིག་འགྱུ༜ར་ཡིན་པ་བརྗེད་དེ།
ཆོས་ལུགས་དང་མི་རིགས་སོགས་ཀྱི་གཞི་རིམ་གཉིས་པའི་གནས་སྟངས་ཐོག་བསམ་བློ་ཤུགས་ཆེ་གཏོང་བཞིན་ཡོད། མི་ཚང་མས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་འདོད་ཀྱི་ཡོད། ཆོས་ཀྱིས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་སྐྲུན་ཐུབ། དཔལ་འབྱོར་གྱི་གཙོས་གནད་དོན་མང་པོ་ཞིག་ལ་ལྟས་ཚེ་ཚང་མ་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་གནས་དགོས་པ་དེ་དངོས་ཡོད་གནས་སྟངས་ཤིག་ཆགས་ཡོད། དེ་རིང་འདིར་ཕེབས་པའི་མང་ཚོགས་འཕྲོད་མང་ཆེ་བ་ན་གཞོན་ཡིན་པ་དང། དུས་རབས་ ༢༡ འདི་གཞོན་སྐྱེས་ཁྱེད་ཚོའི་དུས་རབས་ཤིག་ཆགས་ཡོད། དེར་བརྟེན་གཞོན་སྐྱེས་ཚོར་འཛམ་གླིང་ནང་ཞི་བདེ་དང། བྱམས་བརྩེ། བདེ་སྐྱིད་བསྐྲུན་རྒྱུར་འགན་འཁྲི་ཆེན་པོ་ཡོད། འཛམ་གླིང་འདི་བདེ་སྐྱིད་ལྡན་པ་ཞིག་ཡོང་རྒྱུར་འཆར་སྣང་དགོས་པ་མ་ཟད། འདས་པའི་གནས་ཚུལ་ལས་ཉམས་མྱོང་ལེན་ཐུབ་དགོས། དུས་རབས་ ༢༠ པའི་ནང་བྱུང་བའི་དམག་ཆེན་གཉིས་པ་དང། ཀོ་རི་ཡའི་དམག་འཁྲུག ཝི་ཐི་ནམ་གྱི་དམག་འཁྲུག་སོགས་དངོས་སུ་མཐོང་མྱོང་མཁན་གྱི་མི་རབས་ཤིག་ཡིན། དུས་རབས་ ༢༡ པའི་འགོ་སྟོད་དུ་ཡང་ཨི་རཀ་དང་ཨ་ཕི་གྷ་ནི་སི་ཐན་བཅས་ཀྱི་ནང་དམག་འཁྲུག་སོགས་བྱུང་ཡོད། དཀའ་ངལ་དེ་དག་ཚང་མ་འདས་པའི་དུས་རབས་ནང་འཐུས་ཤོར་ཕྱིན་པའི་གནད་དོན་ཁག་གཅིག་དང་། དེ་མིན་མཚོན་ཆ་ཤུགས་ཆེན་བེད་སྤྱོད་བྱས་པའི་རྐྱེན་གྱིས་ཡིན། དུས་རབས་ ༢༠ པའི་མི་ཚོས་ཕྱི་དངོས་པོ་ལས་ནང་སེམས་ཀྱི་རིན་ཐང་ཐོག་དོ་སྣང་དེ་ཙམ་སྤྲད་མེད། དེར་བརྟེན་དེང་དུས་འབྱོར་ལྡན་སྤྱི་ཚོགས་ནང་གི་མི་ཚོའི་ནང་དུ་སེམས་ཀྱི་དཀའ་ངལ་ཡོད་པ་མང་པོ་ཡོད། འདས་པའི་ཉམས་མྱོང་ལ་གཞིགས་ཏེ་ང་ཚོ་ཚང་མས་དུས་རབས་འདིའི་ནང་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཇི་ལྟར་བསྐྲུན་དགོས་པའི་ཐོག་འཆར་སྣང་ཞིག་གསར་གཏོད་བྱེད་དགོས། དེ་འདྲ་ཡིན་དུས་རྟག་ཏུ་སེམས་བཟང་པོ་བྱེད་རྒྱུ་དེ་ཆོས་ལུགས་མང་ཆེ་བའི་གཞི་རྩའི་བཟང་སྤྱོད་ཀྱི་བསླབ་བྱ་ཡིན། ང་ཚོས་ནང་སེམས་ཀྱི་བདེ་སྐྱིད་ཐོག་དོ་སྣང་ཆེ་ཙམ་སྤྲད་དེ་ཕྱི་དངོས་པོའི་གནད་དོན་ཐོག་དོ་སྣང་ཉུང་དུ་གཏོང་དགོས་པའི་དུས་ལ་བསླེབས་ཡོད། གདོད་མའི་དུས་སྐབས་སུ་མི་ཚོསསྨོན་ལམ་རྒྱབ་སྟེ་རང་གི་འདོད་དོན་གྲུབ་ཐབས་བྱེད་ཀྱི་ཡོད། སྨོན་ལམ་གྱིས་དོན་གྲུབ་རྒྱུར་མཚམས་རེ་དུས་ཡུན་རིང་པོ་འགོར་སྲིད་པ་ཞིག་དང་མཚམས་རེ་དོན་སྒྲུབ་ཀྱི་མེད། འདས་པའི་དུས་རབས་གཉིས་ཀྱི་ནང་ཚན་རིག་དང་འཕྲུལ་ཆས་ཐོག་ཡར་རྒྱས་ཧ་ལས་པ་ཕྱིན་ཡོད། སྐབས་དེར་མི་ཚོས་རང་གི་མངོན་འདོད་རྣམས་ཚན་རིག་གི་ལམ་ནས་སྒྲུབ་ཐུབ་ཀྱི་རེད་བསམ་པའི་ཚོར་སྣང་ཞིག་ཡོད། འོན་ཀྱང་དུས་རབས་ ༢༠ པའི་མཇུག་ཙམ་དུ་མི་ཚོས་ཕྱི་དངོས་པོའི་རིན་ཐང་ལ་ཚད་གཞི་ངེས་ཅན་ཞིག་ཡོད་པའི་ཚོར་སྣང་སླེབས་འགོ་འཚུགས་ཡོད། འཛམ་གླིང་འདི་བདེ་སྐྱིད་དང་ཞི་བདེ་ལྡན་པ་ཞིག་ཡོང་ཐབས་སུ་གྲོས་མོལ་གྱི་བརྒྱུད་ལམ་གོང་སྤེལ་གཏོང་དགོས་པ་མ་ཟད། དེ་ཡང་སྔོན་འགྲོ་ནས་གཙུག་ལག་སློབ་གྲྭའི་བར་སློབ་གྲྭའི་ལམ་ལུགས་ནང་དཀའ་ངལ་རྣམས་གྲོས་མོལ་གྱི་ལམ་ནས་སེལ་རྒྱུར་བློ་སྤོབས་སྐྱེ་རུ་བཅུག་དགོས། ཞི་བའི་ལྡོག་ཕྱོགས་ནི་འཚེ་བ་ཡིན་ཞིང་དེ་ནི་མིས་བཟོས་པ་ཞིག་ཡིན། དེར་བརྟེན་ཞི་བདེ་དེ་ཡང་མིས་བཟོ་ཐུབ་པ་ཞིག་ཡིན་ཞེས་སོགས་ཀྱི་བཀའ་སློབ་སྩལ།
དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་ནང་སེམས་ཀྱི་རིན་ཐང་དེ་གོང་སྤེལ་གཏོང་རྒྱུའི་ཐབས་ལམ་གསུམ་ཡོད། དང་པོ་ནི། ཆོས་ལ་ཡིད་ཆེས་ཡོད་མཁན་ཚོས་དཀོན་མཆོག་དང་འཇིག་རྟེན་བཀོད་པ་པོར་ཡིད་ཆེས་ཐོག་སེམས་ཅན་ཐམས་ཅད་འཇིག་རྟེན་བཀོད་པོས་བཟོས་པ་ཞིག་དང་སེམས་ཅན་དེ་དག་བརྩེ་བས་སྐྱོང་དགོས་པ་འདོད་ཀྱི་ཡོད། ནང་པ་དང་གཅེར་བུ་བ་ལྟ་བུས་འཇིག་རྟེན་དཀོད་པ་པོ་འདོད་ཀྱི་མེད། ཁོང་ཚོས་རྒྱུ་འབྲས་ཀྱི་རྣམ་གཞག་ཐོག་ནས་ནང་སེམས་ཀྱི་རིན་ཐང་གོང་མཐོར་གཏོང་ཐབས་བྱེད་ཀྱི་ཡོད། ཆོས་ཁས་མི་ལེན་མཁན་ཚོས་ཀྱང་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་འདོད་ཀྱི་ཡོད་པས་ཁོང་ཚོའི་དགོས་མཁོ་སྒྲུབ་ཆེད་ནང་སེམས་གྱི་རིན་ཐང་གོང་སྤེལ་གཏོང་དགོས་ཞེས་སོགས་ཀྱི་བཀའ་སློབ་སྩལ་གྲུབ་བསྟུན།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་བཅར་བའི་དྲི་བར་བཀའ་ལན་སྩལ། བུད་མེད་ཀྱི་ནུས་ཤུགས་སྤེལ་ཐབས་དང། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་མ་འོངས་པར་བུད་མེད་ཀྱི་སྐུ་སྐྱེས་བཞེས་སྲིད་མིན་སྐོར་གྱི་དྲི་བར་བཀའ་ལན་སྩལ་དོན། བུད་མེད་ཚོར་བྱམས་བརྩེ་དང་གཅེས་སྐྱོང་གི་བསམ་པ་ཤུགས་ཆེ་བ་ཡོད། ད་ཆ་བྱམས་བརྩེའི་ཐོག་དོ་སྣང་ཤུགས་ཆེ་བ་སྤྲོད་དགོས་པའི་དུས་ལ་སླེབས་ཡོད། དེར་བརྟེན་བུད་མེད་ཚོས་དེའི་ཐོག་འགན་འཁུར་གྱིས་ཆ་ཤས་མང་ཙམ་ལེན་དགོས། མ་ཟད་ཤེས་ཡོན་སློབ་སྟོན་བྱེད་སྟངས་ཐོག་ལའང་བུད་མེད་ཚོ་ལེགས་པ་ཡོད། མ་འོངས་པའི་ཏཱ་ལའི་བླ་མའི་ཡང་སྲིད་དེ་བུད་མེད་གཅིག་བསླེབ་མིན་ཐད་ངོས་ལ་ལོ་སུམ་ཅུའི་གོང་ཕ་རན་སི་རྒྱལ་ས་པཱ་རི་སིའི་གསར་འགོད་པ་ཞིག་གིས་དྲི་བ་དེ་ཐོག་མ་དྲིས་བྱུང། སྐབས་དེར་ངོས་ཀྱིས་གསར་འགོད་པ་དེར་ཡང་སྲིད་ཀྱི་དགོས་དམིགས་གཙོ་བོ་དེ་ནང་པའི་ཆོས་ལ་ཞབས་འདེགས་ཞུ་རྒྱུ་ཡིན། གལ་ཏེ་བུད་མེད་ཏཱ་ལའི་བླ་མས་ནང་ཆོས་ལ་ཞབས་འདེགས་ཞུ་རྒྱུར་ཕན་ནུས་ཆེ་བ་ཡོད་ཚེ་བུད་མེད་ཀྱི་ཏཱ་ལའི་བླ་མ་ཡོང་སྲིད་ཅེས་བཀའ་སྩལ། ཕྱོགས་མཚུངས་ཚོགས་བཅར་བ་ཞིག་གིས་༸གོང་ས་མཆོག་ལ་སྐུ་ངལ་ཆེན་པོ་འཕྲད་བཞིན་ཡོད་ནའང་རྟག་ཏུ་བག་ཕེབས་ཀྱི་རྣམ་པ་བཏོན་གནང་མཛད་པ་དེའི་རྒྱུ་རྐྱེན་གང་ཡིན་ཞེས་དྲི་བ་ཕུལ་བར། ༸གོང་ས་མཆོག་གིས་དེའི་རྒྱུ་མཚན་ནི་བདེན་པ་དང་དྲང་བདེན། ཕྱི་གསལ་ནང་གསལ་བཅས་ཀྱི་ནུས་པ་ལས་བྱུང་བ་ཞིག་ཡིན་ཞེས་སོགས་བཀའ་སློབ་སྩལ།