༢༠༡༠ ཟླ་ ༩ ཚེས་ ༡ རེས་གཟའ་ལྷག་པ།
༄༅། །འདི་གར་སུད་སི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༠ ཉིན་སུད་སི་སྐུ་ཚབ་དོན་ཁང་གི་སྐུ་ཚབ་ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ་ལགས་དང་དྲུང་ལས་བསྟན་འཛིན་བསམ་འཕེལ་ལགས་གཉིས་ཀྱིས་རྒྱལ་སྤྱིའི་སྐྱབས་བཅོལ་ལས་ཁུངས་ཀྱི་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་བགྲེས་པ་སྐུ་ཞབས་ཀ་རིམ་ཨ་མར་དང་ཁྲིམས་ཀྱི་སློབ་སྟོན་རྒན་གྲས་ཤིག་ཐུག་འཕྲད་ཞུས་ཏེ་ཁོང་རྣམ་གཉིས་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ངོ་སྤྲོད་ཞུས་པ་དང་ཆབས་ཅིག་ཉེ་ཆར་བལ་གཞུང་ནས་བོད་མི་གསུམ་རྒྱ་གཞུང་ལ་རྩིས་སྤྲོད་བྱས་ཡོད་པར་བློ་ཕམ་བྱུང་སྐོར། མ་འོངས་པར་གནས་ཚུལ་དེ་རིགས་མི་ཡོང་སླད་བལ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད། ཉིན་དེར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་འགྲོ་བ་མིའི་ལྟ་རྟོག་ (Human Rights Watch) ཞེས་པ་ནས་བོད་ནང་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་ཞི་རྒོལ་གནས་ཚུལ་བྱུང་བའི་ཐད་ཞིབ་འཇུག་གི་སྙན་ཐོ་ཞིག་འདོན་སྤེལ་གནང་བ་ལྟར། འབྲེལ་ཡོད་ལས་ཁུངས་སུ་འབྲེལ་ལམ་ཞུས་ཏེ་སྙན་ཐོ་དེ་གང་མང་བླངས་ཏེ་སུད་སི་དོན་ཁང་གི་ཁྱབ་ཁོངས་ཕྱི་སྲིད་ལས་ཁུངས་དང་གྲོས་ཚོགས། བོད་དོན་ཐད་དོན་གཉེར་ཅན་རྣམས་ལ་མཁྱེན་རྟོགས་དང་ཐུགས་ཞིབ་ཡོང་ཆེད་ཕུལ་འདུག ཕྱི་ཚེས་ ༡༣ ཉིན་སུད་སི་མཧཱ་གུ་རུའི་འབུམ་ཚོགས་གོ་སྒྲིག་ཚོགས་ཆུང་ནས་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གདན་ཞུས་ལྟར་ཚོགས་ཞུགས་གནང་ཡོད། ཕྱི་ཚེས་ ༡༤ ཉིན་དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་ནས་ཚེ་དབང་གནང་རྗེས་བཀའ་བློན་མཆོག་ནས་བོད་མི་ ༡༥༠༠ བཅར་ཡོད་པ་རྣམས་ལ་བོད་སྤྱིའི་རྩ་དོན་ཐོག་ལ་དགོངས་པ་ཆེ་བཞེས་ཀྱིས་ཕྱག་ལས་གནང་དགོས་པ་མ་ཟད། བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ལ་དོ་སྣང་དང་བོད་རྒྱ་འབྲེལ་མོལ་གྱི་གནས་སྟངས་ཐད་གསུང་བཤད་གནང་། ཕྱི་ཚེས་ ༡༥ ཉིན་བཀའ་བློན་མཆོག་གིས་སུད་སི་བོད་རིགས་མི་མང་འཐུས་མི་རྣམས་ལ་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་ཐད་སློབ་སྦྱོང་བྱེད་དགོས་སྐོར་དང་། དེ་བཞིན་ཁོང་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་དང་མཐའ་མ་གཏན་འབེབས་གནང་བ་སོགས་ཀྱི་སྐོར་ལ་གསུང་བཤད་མདོར་བསྡུས་གནང་ཡོད། ཕྱི་ཚེས་ ༡༦ ཉིན་བཀའ་བློན་མཆོག་ཇི་ནི་ཝ་དོན་ཁང་དུ་ཕེབས་པ་དང་། ཉིན་རྒྱབ་རྒྱལ་ཚོགས་ཆོས་དད་རང་དབང་གི་ཞིབ་འཇུག་མཁས་དབང་གི་ཕྱག་རོགས་སྐུ་ཞབས་མཡི་ཀལ་ཝི་ནར་ལྷན་མཇལ་འཕྲད་གནང་སྟེ་ཁོང་ལ་རྒྱ་གཞུང་ནས་བོད་བཙན་འཛུལ་མ་བྱས་གོང་གི་བོད་ནང་གི་ནང་ཆོས་ཀྱི་གནས་སྟངས་དང་། ཕྱི་ལོ་ ༡༩༦༦།༧༦ བར་ལོ་བཅུ་ཙམ་རིང་རྒྱ་གཞུང་གིས་རིག་གནས་གསར་བརྗེའི་ལས་འགུལ་སྐབས་བོད་ཀྱི་ནང་བསྟན་ལ་ཉམས་ཆག་ཇི་བྱུང་སོགས་ཀྱི་སྐོར་ལ་གསུང་མོལ་གནང་ཡོད། ཉིན་རྒྱབ་ལུ་སན་གནས་བཞུགས་ནམ་མཁའ་རིན་པོ་ཆེ་མཆོག་དང་ཁོང་གི་ཆོས་ཚོགས་ལ་གནས་གཟིགས་ཆེད་གདན་ཞུས་གནང་། དེ་རྗེས་སུད་སི་བསམ་གྲུབ་སྒྲོལ་མ་གླིང་ཆོས་ཚོགས་ཀྱི་བློ་གྲོས་རིན་པོ་ཆེ་མཆོག་ལྷན་མཇལ་དང་། ས་སྐྱ་བརྩེ་ཆེན་གླིང་ཆོས་ཚོགས་ཀྱི་དགེ་བཤེས་ཨ་མི་པ་ཤེས་རབ་རྒྱལ་མཚན། དེ་མིན་རི་ཀོན་དགོན་པའི་འགན་འཛིན་ལྷན་ཚོགས་དང་དགོན་པའི་དགེ་འདུན་པ་ལྷན་བགྲོ་གླེང་དང་གྲོས་བསྡུར་གནང་། ཕྱི་ཚེས་ ༡༩ ཉིན་བཀའ་བློན་མཆོག་རྒྱ་གར་དུ་ཕྱིར་ཕེབས་གནང་ཡོད།