༢༠༡༠ ཟླ་ ༨ ཚེས་ ༣ རེས་གཟའ་མིག་དམར།
༄༅། །འདི་གར་ཤི་ལོངས་ས་གནས་འགོ་འཛིན་ནས་བཏང་གནས་ནང་འཁོད་དོན། བོད་རྒྱལ་ལོ་ ༢༡༣༧ ལྕགས་སྟག་ལོའི་བོད་ཟླ་ ༥ ཚེས་ ༢༦ ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༦ ཉིན་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་མཆོག་དགུང་གྲངས་ ༧༥ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོར་འདི་ལོ་དམིགས་བསལ་འབྲུག་པའི་སློབ་ཕྲུག་དང་། ཧི་མ་ལ་ཡའི་ནང་པ། བོད་མི་སེར་སྐྱ་མི་མང་རྣམས་ཀྱིས་རང་ལུགས་ལ་གཟབ་མཆོར་ལེགས་པར་གྱོན་ཐོག་བོད་དགོན་དགའ་ལྡན་ཆོས་གླིང་དུ་འདུ་འཛོམས་ཀྱིས་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་ལ་འཕྲིན་བསྐུལ་དང་བསངས་གསོལ་གནང་ཡོད། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སེར་སྦྲེང་དང་བཅས་སྤོས་སྣེས་སྔོན་བསུས་ཏེ་བཞུགས་ཁྲིར་མངའ་གསོལ་རྗེས་ས་གནས་འགོ་འཛིན་དང་། མཁན་རིན་པོ་ཆེ་མཆོག ས་གནས་འཐུས་མི་ཚོགས་གཙོ་བཅས་ཀྱིས་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མལ་རྟེན་གསུམ་འདེགས་འབུལ་ཞུས། དེ་ནས་ས་གནས་འགོ་འཛིན་གྱིས་བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་རྗེས་སློབ་གྲྭའི་རྔ་རོལ་དང་བཅས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་། དེ་རྗེས་སྐུ་མགྲོན་གཙོ་བོ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐུ་ཞབས་སན་བྷོར་ཤུ་ལ་ཡི་(Sanbor Shullai)མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་ཞུས་པ་དང་ཆབས་ཅིག་མཆོད་མེ་ཞལ་ཕྱེ་གནང་། དེ་ནས་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས་ཀྱིས་མཛད་སྒོའི་ཐོག་དུས་ཆེན་ངོ་སྤྲོད་དང་སྦྲགས་བཀའ་ཤག་གི་གསུང་བཤད་སྒྲོགས་སབྱང་གནང་ཡོད། དེ་བཞིན་འབྲུག་པའི་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ཀེ་ལི་ལགས་ནས་གསུང་བཤད་གནང་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་བོད་མིའི་ཆོས་དང་རིག་གཞུང་། གོམས་གཤིས་བཟང་པོ་བཅས་ལ་བསྔགས་བརྗོད་གནང་བ་དང་ལྷན། ས་གནས་(MLA/MDC FUND མཐུན་འགྱུར་ལ་དེ་སྔོན་ཁོང་ནས་ཧིན་སྒོར་ ༡༠༠༠༠།༠༠ དང་རྗེས་སུ་ཧིན་སྒོར་ ༡༣༠༠༠།༠༠ བཅས་ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༡༠ ཉིན་སྤྱི་ཚོགས་ཡར་རྒྱས་ཆེད་ཧ་ཡང་དང་། ཆུ་མཛོད། འགྱིག་གི་རྐུབ་སྟེགས། ཅོག་ཙེ་སོགས་ས་གནས་ཡུལ་མི་དང་གཅིག་མཚུངས་གནང་བ་མ་ཟད། ཁོང་ནས་གང་འོས་མཐུན་འགྱུར་གནང་རྒྱུ་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང་། དེ་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་གྲུབ་བསྟུན་སྐུ་མགྲོན་རྣམས་ལ་ཇ་སྟོན་དང་། ཉིན་རྒྱབ་མང་ཚོགས་ལ་མངར་ཟས་སོགས་ཕུལ་ཏེ་མཛད་སྒོ་གཟབ་རྒྱས་ངང་གྲོལ་ཡོད་པ་བཅས།།