ཟླ་བ་ ༨ ཚེས ༡༣ ༢༠༡༠

༢༠༡༠ ཟླ་ ༨ ཚེས་ ༡༣ རེས་གཟའ་པ་སངས།

༄༅། །ཀུན་གྱིས་མཁྱེན་གསལ་ལྟར་ ༢༠༡༠ ཕྱི་ཟླ་ ༨ ཚེས་ ༧ གྱི་མཚན་མོའི་ཆུ་ཚོད་ ༡༠ ཙམ་ལ་མདོ་སྨད་ས་ཁུལ་འབྲུག་ཆུ་རྫོང་དུ་དྲག་ཆར་བབས་ཏེ་ཚེས་ ༨ ཉིན་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་བྱུང་རྐྱེན་མི་གྲངས་ཧ་ཅང་མང་པོར་སྲོག་སྐྱོན་དང། དེ་བས་ཆེས་མང་བ་གར་སོང་ཆ་མེད་དུ་གྱུར་བ། མཐའ་ན་སྡོད་ཁང་དང་ས་ཞིང་བཅས་པར་གོད་ཆག་ཤུགས་ཆེའི་དཀའ་སྡུག་བསམ་ཡུལ་ལས་འདས་པ་མྱངས་དང་མྱོང་བཞིན་པ་དེ་དག་ལ་རང་དབང་རྒྱལ་ཁབ་ཁག་ཏུ་གནས་པའི་བཙན་བྱོལ་བོད་མི་སྤྱེ་སྒེར་ཡོངས་ནས་གདུང་སེམས་མཉམ་བསྐྱེད་ཀྱི་སྒོ་ནས་ཕན་གྲོགས་རོགས་སྐྱོར་གང་ཐུབ་ཞུ་དགོས་བཟང་སྤྱོད་ཀྱི་ལས་འགན་ཞིག་ཡིན་པ་བརྗོད་མ་དགོས་ཤིང། དེ་སྔོན་བོད་དུ་འབྱུང་བའི་གནོད་ཚེ་བྱུང་སྐབས་རྣམས་སུ་བཙན་བྱོལ་བོད་མི་སྒེར་དང། སྒྲིག་འཛུགས་ཁག་སོ་སོས་བརྒྱུད་ལམ་འདྲ་མིན་ནས་མཐུན་འགྱུར་རོགས་སྐྱོར་ཞུས་ཡོད་པ་དང་། བཙན་བྱོལ་བོད་མི་ཚང་མས་མཉམ་རུབ་ཀྱིས་ཉེན་སྐྱོབ་ངལ་སེལ་ལས་གཞི་སྐྱེ་རྒུ་མདོའི་བྱུང་རྐྱེན་ལ་ཐེངས་དང་པོ་སྤེལ་ཐུབ་པ་བཞིན། ད་ལམ་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་རོགས་འདེགས་ལས་གཞི་སྤེལ་རྒྱུའི་སྐོར་འདི་གར་རེ་སྐུལ་འབྱོར་དོན་ལྟར། བཙན་བྱོལ་བོད་མི་ཡོངས་ཀྱིས་མཉམ་རུབ་ཐུབ་ན་གཞིས་བྱེས་གཉིས་ཀར་འཕྲལ་ཡུན་ཀུན་ཏུ་དགེ་མཚན་ཆེ་བ་ཡོང་རེ་མཐོང་བས་ཕྱི་རྒྱལ་ཡུལ་གྲུ་གང་སར་ཡོད་པའི་བཙན་བྱོལ་བོད་མི་རྣམས་དང། དགོན་སྡེ་བླ་བྲང། མཉམ་འབྲེལ། དགེ་རྩ་ཁག སྒེར་ཁག་སོགས་ཚང་མས་བློས་བཅད་དངོས་དངུལ་གྱི་མཐུན་འགྱུར་ཅི་འོས་གོང་གསལ་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ལ་གནང་ཐབས་བྱུང་ན་དགེ་མཚན་ཆེ་བས་དེ་དོན་བཙན་བྱོལ་བོད་མི་ཡོངས་ཀྱི་དགོངས་དབྱིངས་སུ་མངའ་བ་ཞུ། བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ ༢༠༡༠ ཕྱི་ཟླ་ ༨ ཚེས་ ༡༣ ཉིན།།

Share with your friends










Submit