ཟླ་བ་ ༧ ཚེས ༡ ༢༠༡༠

༄༅། །དེང་རབས་གོང་མའི་ནང་བསྐྱོད་བཞིན་པའི་འཛམ་གླིང་མིའི་སྤྱི་ཚོགས་འདིའི་ནང་མང་གཙོའི་ལམ་སྲོལ་ནི་ཆབ་སྲིད་ཀྱི་ལམ་སྲོལ་ལེགས་ཤོས་ཤིག་ཏུ་བརྩི་བ་བཞིན་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཕལ་མོ་ཆེས་ལམ་སྲོལ་འདི་ལ་གཙིགས་ཆེར་འཛིན་བཞིན་པའི་སྐབས་འདིར། བཙན་བྱོལ་བོད་མི་རྣམས་ཀྱིས་ཀྱང་༸གོང་ས་མཆོག་གི་སྐུ་དྲིན་ལས་མང་གཙོའི་ལམ་སྲོལ་འབད་མེད་དུ་བསྒྲུབས་ཐུབ་པ་འདི་ནི་རང་ཅག་གི་དམིགས་བསལ་སྐལ་བཟང་གི་ བགོ་སྐལ་ཞིག་ཡིན་པས་དེ་རིང་གི་ཉིན་མོ་འདིར་དགའ་སྒོམ་ཡི་རངས་བྱ་དགོས་པ་ཡིན།

༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེ་དང་བཀྲིན་ཉག་གཅིག་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོའི་འཕེལ་རིམ་ཚད་མཐོར་སླེབས་ཐུབ་པ་འདི་ནི་མ་འོངས་བོད་མི་གཞིས་བྱེས་མཉམ་འཛོམས་སྐབས་གཞིས་ཀྱི་མང་ཚོགས་ལ་ལེགས་སྐྱེས་འབུལ་རྒྱུ་གཙོ་ཆེ་བ་ཞིག་ཡོང་རྒྱུ་དང་། བཙན་བྱོལ་དུ་གནས་རིང་ཡང་བོད་མིའི་སྤྱི་ཚོགས་ཀྱི་འཛིན་སྐྱོང་དང་སྒྲིག་འཛུགས་ཚགས་ཚུད་ཐོག་ཆོས་དང་རིག་གཞུང་ལེགས་བྱང་སྐད་ཡིག་བཅས་ཉམས་མེད་རྒྱུན་འཛིན་གྱི་ལས་དོན་ཚད་ལྡན་སྒྲུབ་པའི་ཆ་རྐྱེན་རྨད་དུ་བྱུང་བ་ཞིག་བྱུང་ཡོད།

༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་བསྐྱེད་དང་བོད་མི་མང་ཚོགས་ཀྱི་ཆིག་བསྒྲིལ་གྱི་ནུས་པ་ལ་བརྟེན་ནས་ད་ཆ་བོད་དོན་བདེན་མཐའ་གསལ་ལ་ཉེ་བའི་དུས་སྐབས་འདིར་བོད་མིའི་སྤྱི་མཐུན་བསོད་ནམས་ཀྱི་ནུས་པ་སྨིན་རྒྱུ་གལ་གནད་ཤིན་ཏུ་ཆེ་བའི་སྐོར་ལྷ་བླའི་ལུང་བསྟན་ལྟར་སྔ་ལོ་བོད་ཤིང་སྤྲེལ་ལོ་ཧྲིལ་པོར་གཞིས་བྱེས་བོད་མི་ཡོངས་ནས་རྣམ་དཀར་ཚོགས་གསོག་གི་བྱ་བ་རླབས་ཆེ་བསྒྲུབས་ཐུབ་པ་བྱུང་བ་མ་ཟད། འདི་ལོའང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བདུན་ཅུར་ཕེབས་པའི་འཁྲུངས་ཚེས་དང་བསྟུན་སྔ་ལོ་ལྟར་གཞིས་བྱེས་བོད་མི་ཡོངས་ཀྱིས་དད་ འབུལ་ཞལ་འདེབས་བསྡུ་རུབ་དང་འབྲེལ་གཙུག་ལག་ཁང་དང་། གནས་ཆེན་ཁག་ཏུ་དམིགས་བསལ་མཆོད་འབུལ་ཞབས་རིམ་བསྒྲུབས་དང་སྒྲུབ་བཞིན་པ་འདི་དག་ལ་གཞིས་བྱེས་བོད་མི་ཡོངས་ཀྱིས་སྔར་བཞིན་མཐུན་འགྱུར་དང་མཉམ་རུབ་མཛད་གནང་ཡོང་བ་བསྐྱར་ནན་གྱིས་ཞུ་རྒྱུ་དང་།

༸གོང་ས་༸སྐྱབས་མགོན་ཆེན་པོའི་ལམ་སྟོན་འོག་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་བོད་རྒྱ་ཞི་མོལ་གྱི་ལས་རིམ་འགྲོ་བཞིན་པའི་ནང་འདི་ལོ་ ༢༠༠༥ ཟླ་ ༦ པའི་ཟླ་མཇུག་དང་ཕྱི་ཟླ་ ༧ པའི་ཚེས་ཤར་ལ་སུད་སིའི་རྒྱལ་ས་སྦན་དུ་འབྲེལ་མོལ་ཐེངས་བཞི་པ་གནང་སྟེ་སྔ་ལོ་འབྲེལ་མོལ་ཐེངས་གསུམ་པའི་སྐབས་རྒྱ་གཞུང་གི་དྭོགས་པ་རྣམ་རྟོག་ཇི་ཡོད་འགྲེལ་བརྗོད་གནང་བ་ཁག་ལ་གསལ་བཤད་ངེས་འདྲོང་ཞུ་རྒྱུའི་གོ་སྐབས་བྱུང་སྟེ་དོན་སྙིང་ལྡན་པའི་ཞི་མོལ་གྱི་ཕྱོགས་སུ་གོམ་གང་མདུན་སྤོས་ཐུབ་པ་བྱུང་བ་དང་། འབྱུང་འགྱུར་ཡང་འབྲེལ་མོལ་མུ་མཐུད་ཀྱིས་ཞི་མོལ་འགོ་འཛུགས་ཐུབ་ཐབས་ལ་འབད་རྩོལ་སྔར་ལྷག་བྱ་རྒྱུ་ཡིན་ན་གཞིས་བྱེས་བོད་མི་ཡོངས་ནས་དེའི་ཆེད་མཐུན་པའི་ཁོར་ཡུག་སྐྲུན་ཐབས་སྔར་ལྷག་དམ་དོན་གནང་རྒྱུའི་འབོད་སྐུལ་བསྐྱར་ནན་གྱིས་ཞུ་རྒྱུ་ཡིན།

རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་སྲིད་འཛིན་ཧུའུ་ཅིན་ཐའོ་མཆོག་གིས་འདི་ལོ་ཕྱི་ཟླ་ ༥ ཚེས་ ༢༧ ཉིན་མི་རིགས་ལས་དོན་ཚོགས་འདུའི་སྐབས་ རྒྱ་ནག་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། མི་རིགས་སོ་སོར་རང་ཉིད་ཀྱི་རིག་གཞུང་དང་། གོམས་སྲོལ། སྐད་ཡིག ལོ་རྒྱུས་བཅས་ཀྱི་འཕེལ་རིམ་གནས་ཚུལ་མི་འདྲ་བ་ཡོད་པ་རྣམས་ལ་ཡང་དག་པའི་ལྟ་ཚུལ་འཛིན་ནས། བཙན་ཤུགས་ཀྱི་ཐོག་ནས་མི་རིགས་ཀྱི་ངོ་བོ་བསྒྱུར་ཐབས་བྱེད་པའི་བྱ་ོད་མཐའ་དག་གཏན་ནས་འགོག་དགོས་ ཞེས་སོགས་གསུངས་འདུག་པ་དེ་ནི་དངོས་དོན་དང་མཐུན་པ་ཡིན་པས་དོ་སྣང་ཆེན་པོས་དགའ་བསུ་ཞུ་རྒྱུ་དང་། དེ་དོན་ཕྱག་ལེན་ལ་བཀལ་བའི་རེ་བ་བྱེད་ཀྱི་ཡོད།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་བཅས།