ཟླ་བ་ ༧ ཚེས ༡ ༢༠༡༠

༄༅། །༸གོང་ས་མཆོག་ནས་བོད་ཀྱི་འཕྲལ་ཕུགས་རྒྱང་གསུམ་གྱི་མདུན་ལམ་ལ་དགོངས་པ་བཞེས་ཏེ་རྒྱ་གར་འཕགས་པའི་ཡུལ་དུ་༸ཞབས་སོར་འཁོད་འཕྲལ་གང་ཉིད་ཀྱི་ཐོག་མའི་དགོངས་གཞི་ལྟར་བོད་ཀྱི་སྤྱི་ཚོགས་རིང་ལུགས་ཆོས་སྲིད་གཉིས་ལྡན་གྱི་མང་གཙོར་བསྒྱུར་བཀོད་མཛད་དེ་བཙན་བྱོལ་བོད་མི་རྣམས་ལ་མང་གཙོའི་ཐོབ་ཐང་གསོལ་རས་གནང་བ་མ་ཟད། འཚོ་རྟེན་གཞིས་ཆགས། ཤེས་ཡོན། འཕྲོད་བསྟེན། རང་རེའི་རྩ་ཆེའི་ཆོས་དང་རིག་གཞུང་སློབ་གཉེར་སོགས་ཀྱི་མཐུན་རྐྱེན་ཕུན་སུམ་ཚོགས་པ་སྱོར་གནང་མཛད་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་སྲིད་མཛད་འཕྲིན་དུས་རྟག་ཏུ་ཡར་ངོའི་ཟླ་ལྟར་རྒྱས་བཞིན་པར་རྒྱ་རིགས་མང་གཙོ་དོན་གཉེར་ཅན་དང་། མཁས་དབང་ཁག འཛམ་གླིང་ཡུལ་ཁག་དུ་མའི་དབུ་འཁྲིད་གནད་ཆེ་མང་པོས་དགའ་དད་སྤྲོ་གསུམ་ངང་བསྔགས་བརྗོད་ཀྱི་མེ་ཏོག་རྒྱུན་མར་འཐོར་བཞིན་པ་ནི་ད་ཆ་འཛམ་གླིང་ནང་ཡོངས་གྲགས་ཀྱི་གནས་ཚུལ་ཞིག་ཆགས་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རང་རེའི་ཆོས་སྲིད་གཉིས་ལྡན་གྱི་མང་གཙོའི་ལམ་སྲོལ་འདི་དག་འཛམ་གླིང་མང་གཙོའི་ཡུལ་ཁག་གཞན་དང་དཔུང་པ་མཉམ་གཤིབས་ཐུབ་སླད་དངོས་དོན་མང་གཙོའི་ལམ་སྲོལ་ཚད་ལྡན་དུ་བསྒྱུར་ཐབས་གང་ན་ཅི་ཡོང་མཛད་དང་མཛད་བཞིན་ཡོད་པ་དཔེར་ན། ཉེ་ལམ་བཀའ་བློན་ཁྲི་པ་འོས་འདེམས་བྱེད་ཕྱོགས་ཐོག་ལེགས་ཆའི་བསྒྱུད་བཀོད་ཆེན་པོ་ཞིག་ངོ་སྤྲོད་བཀྲིན་བསྐྱངས་པ་དེ་ནི་རྒྱ་ཆེའི་མང་ཚོགས་ནས་བཀའ་བློན་ཁྲི་པ་ཐད་ཀར་འོས་འདེམས་བྱ་རྒྱུའི་ཐོབ་དབང་ངོ་སྤྲོད་གནང་བ་དང་། དེ་མཚུངས་བཀའ་བློན་ཁྲི་པ་མང་མོས་འོས་འདེམས་བྱུང་བ་སུ་ཡིན་ནས་བཀའ་བློན་བྱིངས་རྣམས་ཀྱི་འོས་གཞི་དྲག་འདེམས་ཐོག་གྲོས་ཚོགས་ཀྱི་བརྒྱ་ཆ་ ༥༠ ཐམ་པ་མོས་མཐུན་དགོས་པ་བཅས་གཏན་འབེབས་གནང་ཡོད་ཅིང་། ༸གོང་ས་མཆོག་ནས་རྒྱ་ཆེའི་མང་ཚོགས་ལ་མང་གཙོའི་འགན་དབང་ཧ་ ཅང་ཆེན་པོ་ཞིག་གནང་བར་སོང་འགན་དབང་གནང་བ་ཇི་བཞིན་འགན་འཁུར་ཐུབ་ཐབས་སུ་རྒྱ་ཆེའི་མང་ཚོགས་ཀྱི་མང་གཙོའི་ཤེས་ཡོན་ཆུ་ཚད་གོང་མཐོར་གཏོང་རྒྱུ་ཆེས་ཤིན་ཏུ་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད་རེད། དེར་བརྟེན་མང་གཙོའི་ལམ་ལུགས་དང་འབྲེལ་བའི་ཤེས་མྱོང་ཆུ་ཚད་གོང་ནས་གོང་འཕེལ་གཏོང་ཐབས་འབད་བརྩོན་ཆེ་བསྐྱེད་དགོས་གལ་ཆེན་པོ་ཡོད་སྟབས་ཚང་མས་ཐུགས་འཁུར་ཆེ་བཞེས་ཡོང་བའི་འབོད་སྐུལ་ཤུགས་ཆེ་ཞུ་རྒྱུ་ཡིན།

བོད་སྤྱི་པའི་རྩ་དོན་བསྒྲུབ་བྱའི་གནད་དོན་ཞེས་པ་འདི་བཞིན་ལོ་ངོ་བརྒྱ་ཕྲག་དུ་མའི་རྒྱལ་རབས་ལོ་རྒྱུས་དང་འབྲེལ་བའི་མི་རིགས་ཤིག་དང་། ཐུན་མོང་མ་ཡིན་པའི་རིག་གཞུང་རིན་ཐང་བྲལ་བ་ཞིག་གི་གནད་དོན་ཧ་ཅང་གཙོ་གལ་ཆེན་པོ་ཞིག་ཡིན་པར་རང་རེ་བོད་མི་རིགས་ཁོ་ན་ཙམ་མ་ཡིན་པརརྒྱལ་སྤྱིའི་སྤྱི་ཚོགས་ནས་ངོས་ལེན་གསལ་པོ་བྱེད་བཞིན་པར་སོང་ད་མུས་འགྱུར་མེད་དུ་གནས་པའམ། ཡང་ན་རིམ་པས་འཇའ་ཡལ་བ་ལྟ་བུ་མེད་པ་ཆགས་འགྲོ་རྒྱུ་ཞིག་རྩ་བ་ནས་མ་རེད། རྒྱུ་མཚན་དེར་བརྟེན་རྒྱ་ནག་གཞུང་གི་ངོས་ནས་འཛམ་གླིང་སྤྱིའི་འཕེལ་ཕྱོགས་དང་། བོད་ཀྱི་དངོས་ཡོད་གནས་ཚུལ་ལ་བསམ་གཞིགས་མ་ལན་མ་འགྱོད་པ་ཞིག་གི་ལམ་ནས་ད་ལྟ་འཛིན་བཞིན་པའི་རྒྱུ་མཚན་མ་ལྡན་པའི་སྲིད་བྱུས་མཁྲེགས་བཟུང་གི་ལངས་ཕྱོགས་དེར་མུ་མཐུད་དམ་འཛིན་མ་གནང་བར་༸གོང་ས་མཆོག་གི་དཀྱེལ་ཆེའི་དགོངས་བཞེས་ལ་ བརྡ་ལན་བཟང་པོ་ཞིག་རིང་པོར་མི་ཐོགས་པར་ངེས་པར་གནང་དགོས་པ་དེ་བོད་མིའི་ཁེ་ཕན་ཙམ་མ་ཡིན་པ་རྒྱ་ནག་གི་ཁེ་ཕན་ཆེན་པོ་ཞིག་ཆགས་ཡོད་པ་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་མཁྱེན་རྟོགས་ཐུབ་པ་གལ་ཆེན་པོ་རེད།

ང་ཚོ་བོད་ཀྱི་རྒྱ་རབས་ལོ་རྒྱུས་ནང་བར་སྐབས་ཀྱི་དུས་སྐབས་གཉན་འཕྲང་ཅན་འདིའི་རིང་ང་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་ཡང་དག་པའི་བཞེད་དགོངས་གཞིར་བཟུང་མང་གཙོའི་ལམ་ལུགས་ཀྱི་ཐོབ་དབང་དང་། ལས་འགན་གཉིས་ཀ་དཔྱིས་ཕྱིན་པ་གོ་རྟོགས་ཐུབ་པའི་འབད་བརྩོན་གྱི་ལམ་ནས་ང་ཚོའི་མང་གཙོའི་ལམ་སྲོལ་བཟང་པོའི་རྩིག་རྨང་སྲ་བརྟན་ཁུངས་འཕེར་སྐྲུན་ཐབས་བྱ་རྒྱུ་དེ་བཞིན་༧རྒྱལ་བ་དགྱེས་པའི་མཆོད་སྤྲིན་རླབས་ཆེ་ཞིག་ཡིན་པར་གོར་མ་ཆགས་སྟབས་ཚང་མས་དེ་ལྟར་འབད་བརྩོན་ཅིས་ཀྱང་ཡོང་བའི་འབོད་སྐུལ་ཤུགས་ཆེ་ཞུ་རྒྱུ།