ཟླ་བ་ ༧ ཚེས ༡ ༢༠༡༠

༄༅། །བོད་ཆོས་སྲིད་ཟུང་འབྲེལ་གྱི་མང་གཙོའི་ལམ་སྲོལ་དབུ་བརྙེས་ནས་ལོ་ ༤༣ འཁོར་བའི་དུས་དྲན་ཁྱད་པར་ཅན་འདིའི་ཉིན་གཞིས་བྱེས་བོད་མི་ཡོངས་དང་བོད་མིར་གདུང་སེམས་མཉམ་བསྐྱེད་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་ཕན་གྲོགས་གནང་མཁན་གྱི་གཞུང་དང་། གྲོས་ཚོགས། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཁག སློབ་ཕྲུག དེ་བཞིན་རྒྱལ་སྤྱིའི་མང་ཚོགས་བཅས་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་མཛའ་བརྩེའི་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ཟག་བྲལ་ཡེ་ཤེས་ཀྱི་གཟིགས་པས་བོད་མི་མང་ཚོགས་ཀྱི་འཕྲལ་ཡུན་གྱི་ཁེ་ཕན་ལ་གཟིགས་ཏེ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་ལམ་སྲོལ་དུ་བཙན་ཐབས་སུ་བསྒྱུར་གནང་མཛད་ནས་མི་ལོ་ ༤༣ སོང་བ་དེའི་རིང་ཤེས་ཡོན་དང་ཉམས་མྱོང་གིས་མ་ལྡེང་བ་དང་། སྔོན་གོམས་བག་ཆགས་བཅས་ཀྱི་དབང་གིས་དཀའ་ངལ་དང་འགལ་རྐྱེན་ཇི་སྙེད་ཅིག་འཕྲད་ནའང་། སྤྱི་ཡོངས་ནས་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་ཡོངས་རྫོགས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་འོག་ཁྲིམས་ཀྱི་དབང་སྒྱུར་གྱི་ལམ་ནས་ཤར་བསྐྱོད་ཐུབ་པ་མ་ཟད། ཁྲིམས་ལུགས་དང་། སྲིད་བྱུས། ལས་རིམ་བཅས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་ཇི་གནང་ལ་འཛིན་སྐྱོང་གིས་རྒྱུན་དུ་གྲོས་ཚོགས་དང་མང་ཚོགས་ལ་འགན་ཁུར་བའི་ཐོག་ནས་ལག་བསྟར་བྱེད་དགོས་པའི་ལམ་སྲོལ་བཟང་པོ་ཞིག་དུས་ཡུན་ཐུང་ངུའི་ནང་ཚུགས་ཐུབ་པ་འདི་ནི་བོད་མི་རིགས་ཀྱི་བྱུང་བའི་ནང་དགའ་སྤོབས་བྱ་འོས་པའི་གནས་ཚུལ་ཞིག་ཡིན་པ་དང་། དེའང་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེ་དང་མཛད་འཕྲིན་ཉག་གཅིག་ལས་བྱུང་བ་ཞིག་ཡིན་སྟབས། དེ་རིང་གི་ཉིན་མོ་འདི་ནི་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་ཞུ་བའི་དུས་ཚིགས་ཤིག་ཀྱང་ཡིན།

སྤྱི་ཚོགས་ཇི་འདྲ་ཞིག་ཡིན་རུང་མང་གཙོའི་འཕེལ་རིམ་ཚད་ལྡན་ཡོང་བ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་མང་ཚོགས་ཀྱི་ཤེས་ཡོན་དང་། རང་དབང་གི་རྣམ་དཔྱོད་ཚད་ལོངས་པ་དང་། སྤྱི་ཚོགས་ནང་ཡོད་པའི་བསམ་ཚུལ་དང་། ལྟ་གྲུབ་འདྲ་མིན་ཁག་གི་དབར་གོ་རྟོགས་དང་བཟོད་བསྲན་ཐུབ་པའི་ཐོག་རྨོངས་ཞེན་སྤངས་པའི་གདམ་ཁ་བྱེད་ཤེས་པ། སྒེར་ལས་སྤྱི་གཙོ་ཆེ་བ་དང་། མང་མོས་ལ་ཉུང་བས་དྭང་ལེན་དང་བརྩི་བཀུར་བྱེད་ཤེས་པ་བཅས་མེད་དུ་མི་རུང་བ་ཡིན་ནའང་། ད་ལྟ་རང་རེའི་སྤྱི་ཚོགས་ནང་ཆ་རྐྱེན་དེ་དག་ཇི་བཞིན་མ་འཛོམས་པའི་དཀའ་ངལ་ཡོད་བཞིན་པ་མ་ཟད། དཀའ་ངལ་དེ་དག་དུས་ཡུན་ཐུང་ངུའི་ནང་སེལ་བའི་ཐབས་ལམ་ཡང་མེད་པར་བརྟེན། མང་གཙོའི་འཕེལ་རིམ་གྱི་མགྱོགས་ཚད་འདི་ལས་མྱུར་བ་ཞིག་ཡོང་རྒྱུའི་རེ་བ་བྱ་རྒྱུ་ཅུང་ཟད་འདོད་རྔམས་ཆེ་བ་ལྟ་བུ་ཡིན་སྲིད། འོན་ཀྱང་ད་ལྟ་བོད་མིར་ཡོད་བཞིན་པའི་ནུས་པ་རྣམས་ཁ་ཐོར་དང་ཆུད་ཟོས་སུ་མ་བཏང་བར་བེད་སྤྱོད་ཚུལ་བཞིན་བྱེད་ཐུབ་པ་ཡིན་ན། ད་ལྟའི་གནས་བབས་ལ་འགྱུར་བ་ཆེན་པོ་འགྲོ་ཐུབ་པའི་རེ་བ་དང་གོ་སྐབས་ངེས་པར་དུ་ཡོད། བོད་མིའི་སྤྱི་ཚོགས་ཀྱི་ནུས་སྟོབས་ཆེ་ཤོས་ནི་རྒྱུན་དུ་་བརྗོད་ཀྱི་གདེང་ཆ་དང་། སྲིད་བྱུས་ཐག་གཅོད་ཀྱི་ལས་རིམ། གསར་འགྱུར་བརྒྱུད་ལམ་བཅས་ཀྱི་ནང་དངོས་གསལ་དོད་པོ་མེད་པའི་གཞི་རིམ་མང་ཚོགས་ཀྱི་ཡང་དག་པའི་བསམ་སྤྱོད་དེ་ཡིན། རྒྱ་བལ་འབྲུག་གསུམ་གྱི་ནང་ས་ཐག་རིང་ཐུང་ཅི་རིགས་སུ་འཁོད་པའི་བཙན་བྱོལ་བོད་མི་ཡིན་ལུགས་ཚུལ་མཐུན་གྱི་སྒོ་ནས་རང་གི་འཚོ་བའི་འདུ་འགོད་དང་ཕྲུ་གུའི་གསོ་སྐྱོང་ཙམ་ལས་ཆབ་སྲིད་ཀྱི་འཁྲབ་སྟེགས་ཐོག་སྒེག་དཔའ་མི་སྡུག་པའི་རྣམ་འགྱུར་གློག་ཞགས་ལྟར་འཁྱུག་པ་ལ་དོ་སྣང་མི་བྱེད་པའི་མང་ཚོགས་སེར་སྐྱ་རྒན་གཞོན་ཅི་རིགས་ཤིག་ཡོད་པ་དེ་དག་གི་ནང་ཕལ་ཆེར་བཙན་བྱོལ་བོད་མི་ཁྱོན་འབོར་གྱི་བརྒྱ་ཆ་དགུ་བཅུ་བརྒལ་བ་ཡོད་པ་དེ་ཚོས་ཆོས་ལུགས་ལུང་ཚན་གྱི་འཐེན་འཁྱེར་དང་། རང་རྒྱལ་གཞན་ཕམ་གྱི་བསྒྲུབ་བྱ་གང་ཡང་མེད་པར་༸གོང་ས་ཆེན་པོའི་མཁྱེན་བརྩེ་ནུས་གསུམ་ལ་ཡིད་ཆེས་བློས་འགེལ་གྱི་སྒོ་ནས་གང་གིས་བསྟན་པའི་གཞུང་ལམ་གྱི་ཐོག་ཐེ་ཚོམ་དང་ནེམ་ནུར་མེད་པར་ཤར་བསྐྱོད་བྱེད་བཞིན་ཡོད་པ་དང་། དེ་ལ་བརྟེན་ནས་བཙན་བྱོལ་བོད་མིའི་གོང་བུའི་ནུས་པ་མ་ཉམས་ཤིང་། མང་གཙོའི་འཕེལ་རིམ་གྱི་ཐོག་མདུན་བསྐྱོད་གང་ལེགས་བྱུང་ཡོད། འོན་ཀྱང་རང་བྱུང་གི་འགོ་ཁྲིད་དང་མང་ཚོགས་ཀྱི་ངོ་ཚབ་ཏུ་བརྫུས་པ་ཉུང་ཤས་ཤིག་གིས་དུས་ནས་དུས་སུ་ཕྱོགས་ལྷུང་དང་འཐེན་འཁྱེར་གྱི་རྙོག་གླེང་དང་བྱ་སྤྱོད་སྣ་ཚོགས་ཀྱི་རྐྱེན་པས་ཕྱིའི་མཐོང་སྣང་དུ་བོད་མིའི་ཆིག་བསྒྲིལ་གྱི་ནུས་པ་ཞན་པ་དང་། དྲང་བདེན་དང་འདྲ་མཉམ་གྱི་གནས་བབས་དམན་པ་སོགས་ཀྱི་གཟུགས་བརྙན་ཅི་རིགས་ཤིག་ཡང་ནས་ཡང་དུ་བསྐྲུན་པ་དེ་དག་ལ་བརྟེན་ནས་སྐབས་རེ་རང་རེའི་སྟོབས་ཤུགས་ལས་ཞན་ཆའི་གནས་སྟངས་དངོས་གསལ་དོད་པ་ལྟ་བུ་བྱུང་དང་ཡོང་བཞིན་པ་དེ་དག་ནི་སེལ་མི་ཐུབ་པའི་དཀའ་ངལ་ཞིག་ག་ལ་ཡིན། བཀའ་ཤག་གིས་གནས་ཚུལ་དེ་རིགས་ཇེ་ཉུང་དུ་གཏོང་ཐབས་དང་། མང་ཚོགས་ཆིག་བསྒྲིལ་གྱི་ནུས་པ་དངོས་གསལ་ཇེ་དོད་དུ་གཏོང་བའི་ཆེད་འཛིན་སྐྱོང་དང་མང་ཚོགས་ཀྱི་དབར་ཐད་ཀའི་འབྲེལ་ལམ་གོང་མཐོར་གཏོང་ཐབས་ལ་འབད་བརྩོན་བྱེད་བཞིན་པ་ཡིན། ལས་རིམ་འདི་ནི་མང་གཙོའི་ཡར་རྒྱས་ལ་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན་པ་མ་ཟད་མང་ཁ་ཉུང་གིས་བསྒྱུར་ཏེ་སྤྱི་ཚོགས་ཁ་བྲལ་དུ་གཏོང་བའི་འགལ་རྐྱེན་རྣམས་འགོག་ཐུབ་པའི་ཐབས་ཚུལ་ཞིག་ཀྱང་ཡིན། རང་རེའི་འགལ་ཟླའི་ཕྱོགས་ནས་གཡེན་སྱོར་དཀྲུག་ཤིང་དང་མགོ་སྐོར་སླུ་བྲིད་ཀྱི་ལས་འགུལ་ཤུགས་ཆེ་ཡོང་བཞིན་པ་འདི་རིགས་ཉེན་ཁ་ཆེ་བ་དང་དྭོགས་ཟོན་དགོས་པའི་བསྒྲགས་གཏམ་ཚང་མས་སྒྲོག་བཞིན་པ་དེ་ལྟར་ཡང་། སོ་སོ་རང་ངོས་ནས་མགོ་སྐོར་སླུ་བྲིད་འོག་མི་ཚུད་པའི་རང་ཚུགས་བརྟན་བཟུང་བྱ་རྒྱུའི་ཐད་ཐུགས་སྣང་ཆུང་བའི་གནས་ཚུལ་ཡང་ཡོང་བཞིན་སྟབས། གཙོ་ཆེར་ཚང་མས་རང་དོན་རང་གཅེས་ཀྱིས་རང་ཚུགས་རང་གིས་ཟིན་པ་དགོས་རྒྱུ་ཤིན་ཏུ་གལ་གནད་ཆེ་བར་མཐོང་།

མང་གཙོ་འཕེལ་རྒྱས་དང་སྲ་བརྟན་ཡོང་བའི་ཐབས་ལམ་གལ་ཆེ་བ་གཞན་ཞིག་ནི། སྲིད་དོན་གྱི་ཚོགས་པ་དང་། མང་ཚོགས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཡར་རྒྱས་གཏོང་རྒྱུ་དེ་ཡིན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྲིད་དོན་གྱི་ཚོགས་པ་ཉུང་ཡང་སྤྱི་ཚོགས་དང་། ཤེས་ཡོན། རིག་གཞུང་། ལུང་ཚན་སོགས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་མི་ཉུང་བ་ཞིག་ཡོད་པ་དེ་དག་གཞུང་གི་ཐེ་བྱུས་འོག་མི་འགྲོ་བ་དང་། གཞུང་ལ་བརྟེན་མི་དགོས་པར་མིང་དོན་མཚུངས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ངོ་བོར་གནས་ཐབས་སུ་བཙན་བྱོལ་གཞུང་གིས་སྲིད་བྱུས་ངེས་ཅན་ཞིག་བཟུང་སྟེ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རྣམས་གཞུང་བརྟེན་དང་། གཞན་བརྟེན་གྱི་བསམ་པ་དོར་ནས་རང་སྐྱ་འཕེར་བ་ཡོང་ཐབས་ལ་འབད་བརྩོན་བྱས་ཏེ་གྲུབ་འབྲས་མི་དམན་ཙམ་བྱུང་ཡོད། གཞུང་གི་འཛིན་སྐྱོང་བཏང་འཛིན་འོག་ཡོད་པའི་རང་སྐྱོང་སྡེ་ཚན་རྣམས་སུའང་རིམ་པས་གཞུང་ཞབས་བཀོད་བསྒྲིགས་མ་དགོས་པར་རང་མི་ རང་ལས་ཐུབ་ཐབས་ལ་འཆར་གཞི་ལྡན་པའི་འབད་བརྩོན་བྱེད་བཞིན་པ་ཡིན།

བོད་མི་སྤྱི་དང་། ཁྱད་པར་རང་དབང་ལྡན་པའི་ཡུལ་གྲུ་ཁག་ཏུ་འཁོད་པའི་བཙན་བྱོལ་བོད་མི་རྣམས་ལ་རྒྱལ་ཁབ་དང་མི་རིགས་ཀྱི་ངོས་ནས་འཁྲི་བའི་འདོར་མི་རུང་བའི་ལས་འགན་ཆེན་པོ་གཉིས་ཡོད་པ་ནི། བོད་དོན་བདེན་མཐའ་གསལ་ཐབས་ལ་འབད་བརྩོན་བྱ་རྒྱུ་དང་། ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་གྱི་བར་བོད་མིའི་ངོས་འཛིན་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་།རིག་གཞུང་། ལེགས་བྱང་། དེ་དག་གི་གཞི་རྩ་སྐད་ཡིག་བཅས་མི་ཉམས་རྒྱུན་འཛིན་བྱ་རྒྱུ་དེ་གཉིས་ཡིན།

བཙན་བྱོལ་གཞུང་གིས་བོད་དོན་བདེན་མཐའ་གསལ་ཐབས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོའི་ལམ་སྟོན་ལ་གཞིས་བྱེས་བོད་མིའི་མངོན་འདོད་ལྟར་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་དབུ་མའི་ལམ་གྱི་འཇུག་ངོགས་ལ་བརྟེན་ཏེ་ཆོལ་གསུམ་ཆིག་བསྒྲིལ་གྱི་བོད་ལ་རང་སྲིད་རང་སྐྱོང་གི་གནས་བབས་བསྒྲུབ་རྒྱུ་དང་། དེའི་ཆེད་བོད་རྒྱ་ཞི་མོལ་ཡོང་ཐབས་སུ་སྔ་ལོ་དང་འདི་ལོ་གཉིས་ཀར་༸གོང་ས་མཆོག་གི་སྐུ་ཚབ་ཚོགས་ཆུང་རྒྱ་ནག་དང་བོད་ཀྱི་ས་ཁུལ་ཁག་ཏུ་ཆེད་ཕེབས་ཀྱིས་འབྲེལ་ཡོད་རྒྱ་མིའི་དབུ་ཁྲིད་རྣམས་དང་ཐད་འབྲེལ་བསྐྱར་གསོའི་ཐོག་ནས་གོ་བསྡུར་བྱ་རྒྱུའི་གོ་སྐབས་བྱུང་ཡོད་པ་མ་ཟད། རིང་མིན་ཞི་མོལ་འགོ་འཛུགས་ཡོང་ཆེད་ཁོར་ཡུག་དང་ཆ་རྐྱེན་བསྐྲུན་རྒྱུའི་ལས་དོན་གྱི་ཐོག་གྲུབ་འབྲས་བཟང་པོ་བྱུང་ཡོད། སྔ་ལོ་ཕྱི་ཟླ་དགུ་པའི་ནང་བཙན་བྱོལ་གཞུང་གིས་བོད་རྒྱ་ཞི་མོལ་གྱི་ཁོར་ཡུག་སྐྲུན་ཐབས་སུ་མཐུན་འགྱུར་གནང་དགོས་ཀྱི་འབོད་སྐུལ་ཞུས་པར་བཙན་བྱོལ་བོད་མི་མང་ཆེ་བ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་བཅས་ནས་མཐུན་འགྱུར་གང་གཟབ་གནང་བར་བརྟེན། ཁོར་ཡུག་བཟང་པོ་བསྐྲུན་ཐུབ་པ་ལ་རྒྱ་མིའི་འགོ་ཁྲིད་ཚོས་ཀྱང་ངོས་ལེན་གནང་ཡོད། འབྱུང་འགྱུར་ཡང་བོད་རྒྱ་ཞི་མོལ་གྱི་ལས་དོན་གང་མྱུར་འགོ་འཛུགས་ཐུབ་པ་དང་དོན་སྙིང་ལྡན་པ་ཞིག་ཡོང་ཐབས་སུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚང་མས་མཐུན་འགྱུར་མུ་མཐུད་གནང་བའི་ཡིད་ཆེས་ཡོད། ༸གོང་ས་མཆོག་གི་སྐུ་ཚབ་ཐེངས་གཉིས་བོད་རྒྱའི་ས་ཁུལ་དུ་ཆེད་ཕེབས་དང་། འབྲེལ་ཡོད་དབུ་ཁྲིད་རྣམས་དང་འབྲེལ་མཐུད་བཀའ་བསྡུར་བྱུང་ཟིན་ནའང་། ད་ལྟའི་བར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་ཞིག་བཏང་བ་མ་མཐོང་སྟབས། བོད་མི་དང་བོད་ཀྱི་གྲོགས་པོ་འགའ་རེས་བོད་རྒྱ་ཞི་མོལ་གྱི་གྲུབ་འབྲས་ལ་ཐེ་ཚོམ་དང་ངང་སྒུག་མི་ཐུབ་པའི་ཐུགས་འཚབ་གནང་གི་ཡོད་ནའང་། ལོ་ངོ་ལྔ་བཅུ་བརྒལ་བའི་དཀའ་ངལ་ཆབ་སྲིད་ཀྱི་རྙོག་འཛིངས་གཏིང་ཟབ་ཡོད་པ་འདི་ལྟ་བུ་ཞིག་ལོ་ཟླ་རེ་ཟུང་གི་ནང་སེལ་དཀའ་བ་ཡིན་སྟབས། དོན་ཆེན་བསྒྲུབ་པར་ངང་རིང་གི་དཔེ་ལྟར་ཚང་མས་བཟོད་བསྲན་དང་ངང་རིང་གནང་དགོས་པ་གལ་ཆེར་མཐོང་།

ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་བར་བོད་ཀྱི་ཆོས་དང་རིག་གཞུང་སོགས་ཇི་བཞིན་འཛིན་སྐྱོང་ཐུབ་མིན་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁ་མ་འཐོར་བར་མཉམ་སྡོད་ཐུབ་མིན་ལ་རག་ལུས་པ་ཡིན་སྟབས། རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་བོད་མིའི་གཞིས་ཆགས་ཁག་བརྟན་ལྷིང་གནས་ཐབས་སུ་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཡར་རྒྱས་གཏོང་ཕྱོགས་ཀྱི་ལས་འཆར་རྣམས་ད་ཆ་ཕལ་ཆེར་གཏན་འབེབས་ཟིན་ཏེ་འབྱུང་འགྱུར་ལོ་གསུམ་ནང་ལག་བསྟར་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། དེ་བཞིན་བཅའ་ཁྲིམས་རིན་པོ་ཆེའི་ལམ་སྟོན་ལྟར་བོད་མིའི་དགོས་མཁོ་དང་འཚམས་པའི་བོད་ཀྱི་ཤེས་རིག་གི་སྲིད་བྱུས་ཤིག་བཟོ་འགོད་བྱེད་བཞིན་པ་ལྟར། རིང་མིན་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་གནས་ཚད་གོང་མཐོར་གཏོང་བའི་ལས་འཆར་ཁག་ཀྱང་རིམ་པས་ལག་བསྟར་བྱ་རྩིས་ཡིན། སྤྱི་ཚོགས་བརྟན་ལྷིང་དང་ཤེས་ཡོན་གོང་འཕེལ་གཉིས་ནི་མང་གཙོའི་འཕེལ་རིམ་གྱི་ཆ་རྐྱེན་མེད་དུ་མི་རུང་བ་ཡིན་སྟབས། བཀའ་ཤག་གིས་འདས་པའི་ལོ་གཉིས་ཀྱི་ནང་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་། ཤེས་ཡོན། དཔལ་འབྱོར་སོགས་ཕྱོགས་ཡོངས་ཀྱི་གནས་བབས་ལ་བསྐྱར་ཞིབ་ནན་པོའི་ཐོག་ནས་འབྱུང་འགྱུར་ལས་གཞི་ཁག་གཏན་ལ་འབེབས་པ་ལ་ཉེ་བར་མཁོ་བའི་ལྟ་གྲུབ་དང་། རིག་པའི་གཞུང་ལུགས། བྱེད་སྒོའི་ལམ་སྟོན་བཅས་ཕལ་ཆེར་ཟིན་པ་ཡིན། ལས་རིམ་འདི་དག་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་།། གཞུང་གི་སྲི་ཞུ་ལས་བྱེད་པ།བོད་མི་མང་ཚོགས་བཅས་ཚང་མས་མཐུན་འགྱུར་རྒྱབ་སྐྱོར་རླབས་ཆེན་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། གཏན་ལ་ཕབ་པའི་ལས་རིམ་དེ་དག་དངོས་སུ་ལག་བསྟར་ཐུབ་མིན་ཡང་གོང་གསལ་སྡེ་ཚན་རྣམས་ཀྱི་མཐུན་འགྱུར་རྒྱབ་སྐྱོར་ལ་རག་ལུས་པར་སོང་། ཚང་མས་མཐུན་འགྱུར་མུ་མཐུད་གནང་བའི་འབོད་བསྐུལ་ཡང་ཞུ་རྒྱུ་ཡིན།

མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། རླབས་ཆེན་ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། བོད་མང་གཙོའི་ལམ་སྲོལ་གོང་འཕེལ་ཐོག་གཞིས་བྱེས་མཉམ་འཛོམས་ཀྱི་སྐལ་བཟང་མྱུར་དུ་འཆར་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད།