ཟླ་བ་ ༦ ཚེས ༢༤ ༢༠༡༠

༄༅། །དེ་རིང་འདིར་བོད་གངས་ཅན་ལྗོངས་ཀྱི་གཞིས་བྱེས་ལྷ་སྡེ་མི་སྡེ་ཡོངས་ཀྱིབླ་ན་མེད་པའི་དབུ་ཁྲིད། འཇིག་རྟེན་ཞི་བདེའི་དེད་དཔོན། འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ལྷར་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་༸གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་རྟེན་འབྱུང་མཛད་སྟོན་མཚར་དུ་དངར་བ་སྐྱོང་བཞིན་པའི་དུས་བཟང་འདིར་སྐྱབས་གནས་དགེ་འདུན་གྱི་སྡེ་རྣམས་དང་། དཔལ་ལྡན་ཆེས་མཐོའི་ཁྲིམས་ཞིབ་པ་ཆེན་མོས་དབུས་ཁྲིམས་ཞིབ་པ་ལས་ཟུར་རྣམ་པ། དཔལ་ལྡན་བཀའ་བློན་ཁྲི་པས་དབུས་བཀའ་བློན་ལས་ཟུར་རྣམ་པ། ཡབ་གཞིས་སྐུ་འཁོར་རྣམ་པ། རང་དབང་ཅན་ལས་ཁང་ཁག་གི་འགན་འཛིན་ལས་ཟུར་རྣམ་པ། བཀུར་འོས་སྤྱི་འཐུས་ལས་ཟུར་རྣམ་པ། དྲུང་ཆེ་ཆུང་གིས་དབུས་གཞུང་ཞབས་ལས་བྱེད་ཆེ་ཕྲ། རྡ་ས་ས་གནས་འཐུས་མི་ཚོགས་འདུའི་ཚོགས་མི་རྣམ་པ། ས་གནས་འགོ་འཛིན། སློབ་གྲ་ཁག་གི་དབུ་འཛིན་དགེ་ལས་རྣམ་པ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སྡེ་ཁག་གི་འགན་འཛིན་རྣམ་པ། འདིར་འདུས་རང་རིགས་སྤན་ཟླ་མང་ཚོགས་དང་། ཕྱི་རྒྱལ་གྲོགས་པོ་རྣམ་པ། གལ་ཆེའི་མ་འོངས་བོད་ཀྱི་སོན་རྩ་བརྩེ་བའི་སློབ་ཕྲུག་རྣམ་པ་བཅས་ལ་གུས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དགའ་དད་སྤྲོ་གསུམ་གྱི་ངང་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། ལྷག་པར་དེ་རིང་སྐུའི་འཁྲུངས་སྐར་དགའ་སྟོན་གྱི་གོ་སྐབས་འདི་བཟུང་སྟེ་ཉེ་ལམ་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་གསར་འདེམས་བྱུང་བ་རྣམས་ནས་དམ་འབུལ་གྱིས་ལས་ཁུར་ལ་ཞུགས་ཙམ་ཡིན་པར་སོང་འདེམས་བྱེད་རྒྱ་ཆེའི་མང་ཚོགས་ལ་བཀུར་འོས་སྤྱི་འཐུས་ཚང་མའི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

དེ་རིང་གི་ཉིན་མོ་འདི་ནི་རང་ཅག་བོད་འབངས་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་འཇིག་རྟེན་མགོན་པོའི་རྣམ་རོལ་༸གོང་ས་ལྷ་མིའི་རྣམ་འདྲེན་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་དོན་གྱི་སླད་དུ་མཚན་ཡོངས་སུ་སྨོས་ན་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་བོད་ཤིང་ཕག་ཟླ་ ༥ ཚེས་ ༥ དང་། ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་བོད་ཀྱི་མངའ་ཁུལ་མདོ་སྨད་ས་ཡི་ཐིག་ལེར་ཡབ་ཡུམ་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པའི་སྲས་སུ་མཚན་ལྟས་བཟང་པོ་དུ་མ་དང་བཅས་མཚན་དཔེའི་དཀྱིལ་འཁོར་ཟླ་གཞོན་གསར་བཞད་ཀྱིས་དགུང་གྲངས་ ༧༡ ལ་ཕེབས་པའི་སྐུའིི་འཁྲུངས་སྐར་དུས་ཚིགས་ཁྱད་འཕགས་ཅན་བཀྲིས་དགའ་བ་འབུམ་ལྡན་གྱི་ཉིན་མོ་ཞིག་ཡིན་པ་དང་། བོད་འབངས་རྣམས་ལ་ཆོས་སྲིད་གཉིས་ཕྱོགས་ནས་བཀའ་དྲིན་གཞལ་དུ་དཀའ་བ་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་དགོངས་པ་གཞན་དོན་དུ་གཤེགས་པ་དང་དུས་མཚུངས་བོད་ཀྱི་ཆབ་སྲིད་གནས་བབ་སྣུམ་ཟད་མར་མེའི་ངང་ཚུལ་ལྟར་ཛ་དྲག་ཉེན་འགན་ཆེ་བར་གྱུར་ནའང་། ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དེ་དག་ལས་སྐྱོབ་ཆེད་གཟིགས་པ་ལྔ་ལྡན་གྱི་སྒོ་ནས་མ་སྔ་མ་ཕྱི་མེད་པར་བསམས་བཞིན་མིའི་སྲིད་པ་བཟུང་སྟེ་མཁའ་མཉམ་བསྟན་འགྲོའི་མགོན་དཔུང་དམ་པར་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་འཁྲུངས་པ་མ་ཟད། ད་བར་ལོ་བཅུ་ཕྲག་ལྔ་ལྷག་ཙམ་རིང་བོད་ལྗོངས་རང་དབང་སྔ་སོར་ཆུད་ཐབས་ཀྱི་མཛད་དོན་སྤྱི་དང་། ཡངས་པའི་ས་སྟེང་ཀུན་ཏུ་ཕན་བདེའི་འབྱུང་གནས་རིས་སུ་མ་མཆིས་པའི་རྒྱལ་བསྟན་ཡོངས་རྫོགས་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་དོན་ལ་ཉིན་མཚན་ཀུན་ཏུ་ཐུགས་ཁུར་གཞོལ་བཞིན་པའི་བཀྲིན་གྱི་ཕུང་པོ་ནི་སྟོང་གསུམ་གྱི་ཁམས་ཐམས་ཅད་རིན་ཆེན་གྱིས་བཀང་སྟེ་ཕུལ་ནའང་གསབ་ཡུལ་ལས་འགོངས་པར་བརྟེན་གཞིས་བྱེས་བོད་མིའི་ངོ་ཚབ་མཚོན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་ལན་བརྒྱར་ཞུ་བ་དང་སྦྲགས་བསྟན་འགྲོའི་མགོན་དུ་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། མཛད་འཕྲིན་དབྱར་གྱི་ཆུ་གཏེར་བཞིན་དུ་གོང་ནས་གོང་འཕེལ་ཡོང་བའི་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་ཤུགས་དྲག་ཞུ་རྒྱུ་ཡིན།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་སྲིད་མཛད་འཕྲིན་རྒྱ་མཚོ་ལྟ་བུ་མུ་མཐའ་མེད་པ་བསྐྱངས་དང་སྐྱོང་བཞིན་པ་རྣམས་སོ་སྐྱེ་བྱིས་པ་དག་གི་སྤྱོད་ཡུལ་ལས་འདས་ནའང་བཀའ་དྲིིན་རྗེས་དྲན་གྱི་ཚུལ་དུ་ཅུང་ཟད་གླེང་བར་བྱ་བ་ནི། དེ་ཡང་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྐུ་གཞོན་ནུའི་དུས་ནས་བྱིས་པ་གཞན་གྱི་སྤྱོད་ཚུལ་ལས་ཡོངས་སུ་འདས་ཏེ་མཛད་སྤྱོད་གང་ས་ནས་དམ་པའི་རང་རྟགས་གསལ་རྗེན་ཡོད་པ་མ་ཟད། འཕགས་མཆོག་ཕྱག་ན་པལྨོའི་རྣམ་འཕྲུལ་༸གོང་ས་སྐུ་ཕྲེང་ན་རིམ་གྱིས་ཐུགས་བསྐྱེད་སྨོན་ལམ་དང་། བསླུ་མེད་བོད་སྐྱོང་ལྷ་སྲུང་གཉེར་གཏད་རྣམས་ཀྱི་རྡོ་རྗེའི་བཀའ་ལུང་། ཁྱད་པར་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེའི་ལྷ་མོའི་མཚོ་གཟིགས་དན་རྟགས་བཅས་དགོངས་པ་རྩེ་མཐུན་ཐོག སྔར་སྲོལ་སྐུ་གོང་མའི་ཕྱག་མཚན་སོགས་ངོས་འཛིན་བརྟག་དཔྱད་ཡོངས་ལ་ཡིད་གཉིས་ཐེ་ཚོམ་རྩ་བྲལ་བྱུང་བས་ཡང་སྲིད་འཁྲུལ་འབྲལ་ངེས་རྙེད་ཀྱིས་ཕྱི་ལོ་ ༡༩༣༩ ལོར་དགུང་ལོ་བཞིའི་ཐོག་རང་གི་སྐྱོང་ཡུལ་བོད་རྒྱལ་ཁབ་ཀྱི་རྒྱལ་ས་ལྷ་ལྡན་ཆོས་ཀྱི་ཞིང་སར་གདན་དྲངས་ཤིང་། ཕྱི་ལོ་ ༡༩༤༠ ལོར་ཕོ་བྲང་པོ་ཏཱ་ལའི་ནང་མི་འཇིགས་གདོང་ལྔས་བཏེག་པའི་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་ཞུས།

མཁས་གྲུབ་གཉིས་ལྡན་དགེ་བའི་བཤེས་གཉེན་དུ་མའི་དྲུང་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་བཅུ་ཕྲག་རིག་པའི་གནས་མཐའ་དག་དང་། གཞུང་ཆེན་ཀ་པོད་ལྔ་ལ་སོགས་མདོ་རྒྱུད་ཀྱི་གཞུང་ལུགས་རབ་འབྱམས་རྒྱ་མཚོར་གསན་བསམ་སློབ་གཉེར་ཕ་མཐར་སོན་ཏེ་ལུང་རིགས་་བ་མཁས་མང་འདུས་པ་རྒྱ་མཚོའི་དབུས་སུ་དགེ་བཤེས་ལྷ་རམ་པའི་མཚན་བཞེས་ཐོག དབང་ལུང་མན་ངག་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་ལེགས་པར་གསན་བཞེས་ཀྱིས་གོང་མའི་རྣམ་ཐར་བདག་གིར་བཞེས་ཏེ་གངས་ཅན་མཁས་པའི་གཙུག་རྒྱན་དུ་གྱུར།

ཕྱི་ལོ་ ༡༩༤༩ ལོར་བོད་ཀྱི་ཤར་ཕྱོགས་ཁྱིམ་མཚེས་རྒྱལ་ཁབ་རྒྱ་དམར་དྲག་དཔུང་གིས་ཤར་ཕྱོགས་ས་མཚམས་ནས་བཙན་འཛུལ་དཔུང་འཇུག་བྱེད་སྒོ་སྤེལ་ཏེ་བོད་ཀྱི་ཆབ་སྲིད་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་གྱུར་པ་དང་། འཕགས་མཆོག་སྤྱན་རས་གཟིགས་ཀྱིས་བོད་ཁམས་ཐུན་མོང་མ་ཡིན་པའི་གདུལ་ཞིང་དུ་བཟུང་སྟེ་གང་གི་རྣམ་འཕྲུལ་བོད་རྗེ་རིམ་པའི་སྐབས་བོད་ཁམས་བདེ་ཞིང་། སྐྱེ་འགྲོ་རྣམས་དར་རྒྱས་ཕུན་སུམ་ཚོགས་པ་སོགས་གདུལ་བྱ་འདུལ་བྱེད་ཀྱི་ཐོུན་མ་ཡིན་པའི་ལས་སྨོན་འབྲེལ་བ་ཡོད་ཐོག བོད་མི་རྣམས་ཀྱི་སྐྱབས་དང་རེ་ས་མགོན་པོ་གང་ཉིད་ལས་མེད་སྟབས་བོད་ཀྱི་ལྷ་སྡེ་མི་སྡེ་ཡོངས་ཀྱིས་ཆབ་སྲིད་ཀྱི་ཐུགས་འཁུར་བསྐྱེད་བཞེས་ཡོང་བའི་ཇི་ལྟར་གསོལ་བ་ཕུར་ཚུགས་སུ་བཏབ་པར་སྐབས་དེར་དགུང་གྲངས་བཅུ་དྲུག་ལས་མ་སོན་ནའང་འཇིགས་ཞུམ་བག་ཚ་གང་ཡང་མེད་པར་སྔོན་གྱི་ཐུགས་བསྐྱེད་དམ་བཅའི་གོ་ཆ་བཙན་པོས་བཀའ་བཞེས་སྤྱི་སྨིན་བྱུང་སྟེ་ཕྱི་ལོ་ ༡༩༥༠ ཟླ་ ༡༡ ཚེས་ ༡༧ ཉིན་ཆབ་སྲིད་ཀྱི་ཐུགས་ཁུར་ཡོངས་རྫོགས་བདག་གིར་བཞེས་འཕྲལ་སྤྱི་ཚོགས་ལེགས་བཅོས་ལས་ཁུངས་ཟུར་འཛུགས་ཀྱིས་བོད་ཀྱི་སྔར་སྲོལ་ཁྲལ་བསྡུའི་འགྲོ་ལུགས་རིགས་ལ་དུས་བསྟུན་ལེགས་བཅོས་གུ་ཡངས་དང་། བུན་རྙིང་རྩ་ཆག་བསྩལ་བ་སོགས་ཉམ་ཐག མང་ཚོགས་ཀྱི་བདེ་རྩར་འཚོ་གཟིགས་དབུག་དབྱུང་བསྩལ། འོན་ཀྱང་རིམ་བཞིན་བོད་ས་ཡོངས་རྫོགས་རྒྱ་མིའི་དབང་འོག་ཏུ་ཚུད་ཟིན་སྟབས་རང་ཡུལ་རང་དབང་སླར་གསོའི་མཛད་དོན་ལྕི་བོ་ཆེ་ཐུགས་དབུས་སུ་བཅངས་ཏེ་ཕྱི་ལོ་ ༡༩༥༩ ལོ་འགོར་གནའ་དུས་ནས་ཆོས་དང་ཟང་ཟིང་གི་འབྲེལ་ལམ་ཐུན་མོང་མ་ཡིན་པའི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་མ་ཕེབས་མཐུ་མེད་དུ་གྱུར་ཅིང་། རང་ཡུལ་བྲལ་ཏེ་མི་ཡུལ་ས་མཐར་གྱར་བའི་སྐབས་སུ་མི་རྒྱུ་ཤེས་གསུམ་གྱི་མཐུན་རྐྱེན་གྱིས་ཕོངས་པས་དཀའ་ཚེགས་དུ་མ་ཞིག་འཕྲད་ཀྱང་། ཐུགས་སྟོབས་ཀྱི་གོ་ཆ་ལྷག་པར་བསྐྱེད་དེ་བོད་ཀྱི་ཆབ་སྲིད་ཀྱི་རང་བཞིན་རང་དབང་མང་གཙོ་ཅན་དུ་འགྱུར་རྒྱུའི་དགོངས་བཞེད་སྔོན་ཡོད་ལྟར། རྒྱ་གར་དུ་ཕེབས་འབྱོར་བྱུང་ཉིད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་འཛུགས་གསར་བཏོད་དང་འབྲེལ་བོད་ཆོས་སྲིད་གཉིས་ལྡན་མང་གཙོའི་གཞུང་བཟང་དབུ་བརྙེས་ཤིང་། མ་འོངས་བོད་ཀྱི་རྩ་ཁྲིམས་རིན་པོ་ཆེ་གསལ་བསྒྲགས་བསྐྱངས་པ་དང་ཆབས་ཅིག་བོད་དོན་འཐབ་རྩོད་ཀྱི་རྨང་གཞི་སྲ་བརྟན་ལེགས་པར་ཚུགས།

མགོན་པོ་གང་གི་ཕེབས་རྗེས་སུ་སྙེགས་འབྱོར་བོད་ཕྲུག་ན་གཞོན་རྣམས་ལ་མ་འོངས་བོད་ཀྱི་སོན་རྩར་ཐུགས་རེས་སྐུ་ངལ་ལ་ལྟོས་མེད་བོད་ཕྲུག་ཁེར་གཙང་གི་གཏན་ཉིན་སློབ་གྲ་བརྒྱ་ཕྲག་བརྒལ་བ་རིམ་འཛུགས་བསྐྱངས་འབྲས་སུ་དེང་སྐབས་ཕྱི་ནང་ཤེས་ཡོན་འདབ་གཤོག་གཉིས་ལྡན་ཅན་སྟོང་ཕྲག་མང་པོ་ཐོན་ཏེ་བཙན་བྱོལ་བོད་གཞུང་གི་ལས་ཁུངས་མ་ལག་གི་འཛིན་སྐྱོང་ལས་བྱེད་དང་། སློབ་གྲ་ཁག་གི་དགེ་ལས། གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་ལས་བྱེད་སོགས་མདོར་ན་བོད་མིའི་སྤྱི་ཚོགས་ཀྱི་འགན་ཁུར་བ་གཞན་རེ་སྟབས་བསྟུན་མ་དགོས་པར་རང་མི་རང་ལས་བྱེད་ མི་སོགས་ཤེས་ཡོན་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོན་ཡོད།

དེ་བཞིན་བོད་མིའི་ཆོས་རིག་ལས་བྱུང་བའི་བཟང་པོའི་ཁྱད་ནོར་རྣམས་མི་ཉམས་རྒྱུད་འཛིན་དང་། ཉམས་པ་སོར་ཆུད་ཀྱི་མཛད་རྗེས་རླབས་ཆེན་དང་། བོད་མི་རྣམས་རང་བཞིན་ཁ་འཐོར་དུ་གྱར་སྡོད་མ་ཡིན་པར་མཉམ་འཛོམས་འདུ་སྡོད་འབྱུང་ཐབས་སུ་སོ་ནམ་གཞིས་ཆགས་ཁག་དང་། འདབས་འབྲེལ་དུ་རིས་སུ་མ་ཆད་པའི་དགོན་སྡེ་གྲ་ཚང་ཁག་གསར་བསྐྲུན་གྱིས་ད་ཆ་བོད་མི་རྣམས་ནི་སྐྱབས་བཅོལ་བ་བྱིངས་དང་མི་འདྲ་བར་སྒྲིག་འཛུགས་ལྡན་ཞིང་། ལས་འཆར་གང་ཅིར་ཡར་རྒྱས་ཀྱི་གྲུབ་འབྲས་འབུར་ཐོན་ཀུན་གྱིས་བསྔགས་ཡུལ་དུ་གྱུར་ཡོད།

ཆབ་སྲིད་ལ་མཚོན་ནའང་བོད་ལྗོངས་རང་དབང་སྔ་སོར་ཆུད་ཐབས་སུ་རྒྱ་གཞུང་རང་ལ་མེས་འཚིགས་མེར་བཏུགས་ཆེད་སྐུ་ངལ་བརྒྱ་ཕྲག་ཁྱད་བསད་ཀྱིས་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་ཏུ་ཆིབས་སྒྱུར་དང་འབྲེལ་ཞི་དྲག་འགོ་བྱེད་རྣམས་ཀྱི་མཉམ་དུ་གྲོོས་མོལ་བཀའ་བསྡུར་བསྐྱངས་པ་མ་ཟད། རྒྱ་ནག་མཉམ་ལན་དགུ་ཆད་མཐུད་ཀྱི་འབྲེལ་མོལ་བསྟུན་གཤིབ་ལོ་མང་རིམ་བསྟུད་གནང་བ་དང་། ཕྱི་ལོ་ ༡༩༥༩བྱ ༡༩༦༡བྱ ༡༩༦༥ སོ་སོར་བོད་དོན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུ་སྐུལ་གྱིས་གྲོས་ཆོད་སྣོལ་འཇོག་ཐུབ་པ་ལ་བརྟེན་ནས་བོད་དོན་བདེན་པའི་བཅོས་མིན་གྱི་གནས་སྟངས་འཛམ་གླིང་ཡོངས་ལ་མངོན་པར་གསལ་ཡོད།

ཕྱི་ལོ་ ༡༩༧༨ ལོ་མཇུག་ནས་བོད་ཕྱི་ནང་འགྲོ་འོངས་ཀྱི་སྒོ་མོ་ཕྱེས་པའི་གོ་སྐབས་དང་བསྟུན་གཞིས་བྱེས་བོད་མིའི་དངོས་ཡོད་གནས་སྟངས་རྟོག་ཞིབ་སླད་བོད་ནང་སྐུ་ཚབ་ཚོགས་ཆུང་སྔ་རྗེས་དང་། རྒྱ་ནག་ཏུ་འབྲེལ་མོལ་ཆེད་ཆེས་མཐོའི་སྐུ་ཚབ་པ་ཆེད་གཉེར་ཐོག ཁྱད་པར་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་ཡངས་དཀྱེལ་ཆེའི་སྒོ་ནས་བོད་ཀྱི་མང་གཙོའི་སྒྲིག་འཛུགས་ཁག་ལ་གོ་བསྡུར་དང་། མང་མོས་འོས་བསྡུའི་ལས་རིམ་གྱི་ཐོག་ནས་རྒྱ་ཆེ་མང་ཚོགས་ལའང་འགན་ཁུར་གྱི་གོ་སྐབས་གསོལ་སྩལ་དང་འབྲེལ་དབུ་མའི་ལམ་གྱི་ཐབས་ཚུལ་ལྷུར་བཞེས་ཀྱིས་ ༡༩༨༧ ལོར་ཨ་རིར་ཞི་བའི་གྲོས་འཆར་དོན་ཚན་ལྔ་དང་། ༡༩༨༨ ལོར་སི་ཊ་སི་སྦག་ནང་ཡོ་རོབ་གྲོས་ཚོགས་སུ་ཞིབ་འགྲེལ་གྱི་གསུང་བཤད་བསྩལ་བ་བཅས་ཀྱི་དགོངས་དོན་སྙིང་པོར་བོད་རྒྱ་གཉིས་སྨན་ཐོག་བོད་ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་རང་སྲིད་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཡོང་བའི་དགོངས་བཞེས་གནང་བ་མ་ཟད། ཕྱི་ལོ་ ༢༠༠༢ ནང་བོད་རྒྱའི་འབྲེལ་ལམ་དུས་ཡུན་རིང་པོའི་རྗེས་བསྐྱར་གསོ་བྱུང་བ་ནས་བཟུང་ད་བར་འབྲེལ་མཐུད་སྐུ་ཚབ་ཚོགས་ཆུང་ནས་འབྲེལ་མོལ་ཐེངས་ལྔ་གནང་ཐུབ་པ་བྱུང་སྟེ་ཞི་མོལ་དངོས་གཞིར་འཇུག་ཐབས་གནང་བཞིན་ཡོད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་སྤྱིའི་སྐྱེ་འགྲོ་རྣམས་ཆོས་འབྱོར་བདེ་སྐྱིད་ཀྱི་དཔལ་ལ་རོལ་ཆེད་ཤར་ནུབ་རྒྱལ་ཁབ་མང་པོར་ཞབས་ཀྱི་པལྨོ་རྣམ་པར་བཀོད་དེ་དམ་པའི་ཆོས་ཀྱི་དགོངས་དོན་ལྟ་བ་རྟེན་འབྱུང་དང་། སྤྱོད་པ་འཚེ་བ་མེད་པ། བྱམས་སྙིང་རྗེ། གཞན་ཕན་བྱང་སེམས་ཀྱི་རྩ་བར་གྱུར་བའི་དམ་པའི་ཆོས་ཚུལ་ཟབ་མོས་ཡོངས་སུ་ཚིམས་པར་མཛད་པ་སོགས་འཛམ་གླིང་མང་ཚོགས་ཀྱི་བདེ་སྡུག་ལའང་གདུང་སེམས་མཉམ་བསྐྱེད་ཀྱིས་དགོངས་བཞེས་གནང་ཕྱོགས་ཀྱི་མཛད་བཟང་ལ་ངོ་མཚར་སྐྱེས་ཏེ་ ༡༩༨༩ ལོར་འཛམ་གླིང་ནང་སྙན་གྲགས་ཆེ་ཤོས་ནོ་སྦལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱིས་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོར་མང་བཀུར་མངའ་གསོལ་བྱུང་བ་སོགས་མཛད་འཕྲིན་མཐའ་ཡས་པ་ཞིག་བསྐྱངས་དང་སྐྱོང་བཞིན་པ་རྣམས་དེ་རིང་སྐུའི་འཁྲུངས་སྐར་དུས་ཆེན་གྱི་གོ་སྐབས་དང་བསྟུན་བཀའ་དྲིན་རྗེས་དྲན་ཞུ་བ་དང་སྦྲགས། ༸གོང་ས་ཆེན་པོས་དུས་གསུམ་གསལ་གཟིགས་ཀྱིས་མ་ཡིས་བུ་ལ་ཇི་ལྟར་གདམས་པའི་བཀའ་སློབ་གསུང་གི་བདུད་རྩི་ཁག་སྙིང་དབུས་སུ་བཅངས་ཏེ་བོད་མི་ནང་ཁུལ་ཆོལ་ཁ་ཆོས་ལུགས་དང་། ཡུལ་ལུང་ཕྱོགས་རིས་སོགས་ཀྱི་འཐེན་ཁྱེར་ཡོངས་སུ་སྤངས་ཏེ་དམ་ཚིག་རྡོག་རྩ་ཆིག་སྒྲིལ་དང་། གོང་བུའི་ནུས་ཤུགས་ཇེ་འཕེལ་དུ་གཏོང་ཐབས་ཐོག རང་རང་གོ་སྐལ་ཞུ་སྒོར་གཡོ་ཟོལ་མེད་པར་ལྷག་བསམ་འཁུར་བརྩོན་ཆེ་བསྐྱེད་བྱ་རྒྱའི་དམ་བཅའ་འཇོག་རྒྱུུ་ནི་འཁྲུངས་སྐར་གྱི་འབུལ་སྐྱེས་དམ་པ་ཡིན་ལ་ནང་གི་ཞབས་རིམ་བརྟན་བཞུགས་ཡང་དེ་ལྷག་མེད་པས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་མནོ་བསམ་འཕྱུགས་མེད་དགོས་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་ཞིང་། ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས། ༢༠༠༦ ཟླ་ ༧ ཚེས་ ༦ ལ།།