ཟླ་བ་ ༦ ཚེས ༢༥ ༢༠༡༠

༄༅། གངས་རིའི་ལྗོངས་ཀྱི་སྐྱེ་འགྲོ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཕགས་མཆོག་འཇིག་རྟེན་མགོན་པོ་མིའི་གཟུགས་སུ་བཟློ་བ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ། དགོས་པ་དང་དོན་གྱི་སླད་དུ་མཚན་དངོས་ནས་སྨོས་ན་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གཟིགས་པ་རྣམ་པ་ལྔ་ལ་གཟིགས་ཏེ་མདོ་སྨད་ས་ཡི་ཐིག་ལེེར་སྐུ་བལྟམས་པའི་མཛད་པ་བསྟན་ཏེ་ལོ་འཁོར་ ༧༡ ཟིན་པའི་འཁྲུངས་ཚེས་ཀྱི་ཉིན་མོ་འདིར་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་དང་། མགོན་པོ་གང་ཉིད་ལ་དད་གུས་མི་གཡོ་བར་འཛིན་པའི་འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱི་ངོ་ཚབ་ཞུས་ཏེ་གུས་ཕྱག་གྲངས་མེད་དང་བཅས་འཚམས་ཞུའི་བཀྲ་ཤིས་བདེ་ལེགས་དང་ཆབས་ཅིག་༸སྐྱབས་མགོན་ཐུགས་རྗེའི་གཏེར་ཆེན་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། གཞན་ཕན་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་གསོལ་འདེབས་དང་སྨོན་འདུན་ཡང་ཞུ་རྒྱུ་ཡིན།

ད་རིང་གི་ཉིན་མོ་འདི་ནི་བོད་གངས་ཅན་པ་ཙམ་མ་ཟད། མཁའ་ཁྱབ་སྐྱེ་འགྲོ་ཡོངས་ལ་བླ་ན་མེད་པའི་འདྲེན་པ་ཆེན་པོ་ཞིག་གསར་དུ་རྙེད་པའི་དུས་ཚིགས་ཁྱད་པར་ཅན་ཡིན་སྟབས། འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་ཀུན་ཏུ་དད་ལྡན་གྱི་སྐྱེ་བོ་གྲངས་ལས་འདས་པས་དགའ་དད་གུས་གསུམ་གྱི་སྒོ་ནས་སྲུང་རྩི་ཞུ་བཞིན་པའི་དུས་ཆེན་ཁྱད་པར་ཅན་ཡིན་པ་མ་ཟད། ལྷག་པར་སྔ་ལོ་ཕྱི་ཟླ་ ༦ ཚེས་ ༨ ཉིན་མགོན་པོ་གང་ཉིད་ཕྱི་ལུགས་ཀྱི་དགུང་གྲངས་ ༧༠ ཧྲིལ་པོར་བཞེས་པའི་གོ་སྐབས་དང་བསྟུན་བོད་ལྗོངས་གཞིས་བྱེས་ལྷ་མི་སྤྱི་མགྲིན་ནས་བརྟན་བཞུགས་བསྟར་འབུལ་དང་འབྲེལ་ལོ་འཁོར་ཁྱུད་མོར་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་རྩི་ཞུ་རྒྱུའི་སེམས་བསྐྱེད་ཞུས་པ་ལྟར་གུས་འབངས་བཙན་བྱོལ་བོད་གཞུང་མང་ཡོངས་ནས་རྣམ་དཀར་དགེ་ཚོགས་ཀྱི་བྱ་བ་མི་དམན་ཙམ་བསྒྲུབས་པའི་སྐལ་བཟང་ཇི་ལྟར་ཐོབ་པའི་སྐོར་བསྒྲུབས་ཐོ་ཟུར་གསལ་ལ་རྙོག་བྲལ་ཡེ་ཤེས་ཀྱི་གཟིགས་པ་ཡུད་ཙམ་གཡོ་བའི་ཐོག དགེ་བའི་རྩ་བ་འདིས་མཚོན་རང་གཞན་སྐྱེ་འཕགས་ཡོངས་ཀྱིས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཇི་སྙེད་ཅིག་མཆིས་པ་ཐམས་ཅད་མགོན་པོ་མཆོག་གི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ་ཁོ་ནའི་རྒྱུར་འགྱུར་བའི་ཡོངས་སུ་བསྔོ་བ་ཁྱད་པར་ཅན་དང་ཆབས་ཅིག་འཁོར་གསུམ་མི་དམིགས་པའི་དབྱིངས་སུ་རྒྱས་འདེབས་གནང་སྐྱོངས་ཡོང་བའི་གསོལ་འདེབས་ཞུ་རྒྱུ་དང་།

ད་རེས་འཁྲུངས་ཚེས་ཀྱི་དུས་སྟོན་འདི་ནི་བཀའ་ཤག་སྐབས་བཅུ་གཉིས་པའི་ལས་ཡུན་རིང་གི་འཁྲུངས་ཚེས་མཛད་སྒོ་མཐའ་མ་དེ་ཡིན་སྟབས། འདས་པའི་ལོ་ལྔའི་དུས་ཡུན་རིང་འཛིན་སྐྱོང་གི་ཆོས་སྲིད་ཀྱི་ཞུ་སྒོ་མཐའ་དག་ལ་རྨོངས་སེལ་ལམ་སྟོན་ཕས་བུ་ལ་འདོམས་པ་ཞིག་རྒྱུན་ལྡན་བསྩལ་གནང་མཛད་པར་སྙིང་ནས་བཀྲིན་རྗེས་དྲན་ཡང་ཞུ་རྒྱུ་ཡིན།

བོད་མི་ཡོངས་ཀྱིས་ཡིད་ལ་བརྣག་པའི་འདོད་དོན་བོད་དོན་བདེན་མཐའ་གསལ་ཐབས་སུ་གཉིས་སྨན་དབུ་མའི་ལམ་གྱི་མཛད་བྱུས་གཞིར་བཟུང་བོད་རྒྱ་འབྲེལ་མོལ་གྱི་ལས་རིམ་ཡང་ཕྱི་ལོ་ ༢༠༠༢ ནས་བཟུང་ད་བར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚབ་རྣམ་པས་འབྲེལ་མོལ་ཐེངས་ལྔ་ཙམ་བསྟར་ཆགས་སུ་གནང་ཐུབ་པ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རང་རེའི་མངོན་འདོད་ཇི་ཡིན་གསལ་རྟོགས་ཐུབ་པ་བྱུང་ཡོད་པ་མ་ཟད། འབྲེལ་ལམ་བརྟན་ལྷིང་དང་འབྲེལ་མོལ་གོང་མཐོར་སོང་ཐུབ་པ་བྱུང་ཡོད། འོན་ཀྱང་ཆེས་བློ་ཕམ་བྱ་འོས་པ་ཞིག་ལ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ནང་འཛིན་པའི་སྲིད་བྱུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མེད་པའི་ཁར། འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་དང་། རང་བྱུང་ཁོར་ཡུག་ལ་གནོད་འཚེ། ཆོས་དད་རང་དབང་མེད་པར་ཆོས་སྡེ་ཡོངས་སུ་རྒྱལ་གཅེས་ཆོས་གཅེས་སུ་བསྙད་པའི་བཙན་ཤུགས་ཀྱིས་༧ཀླད་པ་བཀྲུ་བའི་ལས་རིམ་མུ་མཐུད། ༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་པར་ཡན་དད་ཉར་མི་ཆོག་པའི་འོས་འཚམས་མིན་པའི་བཙན་གནོན་དང་། ལྷག་པར་འདི་ལོ་ཕྱི་ཟླ་ལྔ་པའི་ཚེས་ཤར་ཙམ་ནས་བཟུང་བོད་རང་སྐྱོང་ལྗོངས་ཟེར་བའི་དབུ་ཁྲིད་མི་སྣ་ཕལ་མོ་ཆེ་དང་། དབུས་འཐབ་ཕྱོགས་གཅིག་གྱུར་གྱི་མཛད་གཙོ་རྣམ་པས་གཞི་རྟེན་མེད་པའི་རྫུན་གཏམ་འབའ་ཞིག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོར་ཚབས་ཆེའི་མཚན་སྨོད་དང་། ཆེས་གདུག་རྩབ་ཅན་གྱི་ཚིག་ངན་མི་སྤྱོད་དང་མི་འཚམས་པའི་རིགས་བེད་སྤྱོད་བྱས་འདུག་པ་དེ་ནི་མ་གཞི་དངངས་འཚབ་དང་། འཇིགས་སྐྲག གདེང་སྤོབས་བྲལ་བའི་སེམས་ཚོར་གྱིས་བསམ་ལོང་དཔྱད་ལོང་མེད་པར་བྲེལ་འཚབ་ཚམ་ཚོམ་ངང་བཤད་པའི་འགན་ཁུར་མེད་པའི་་བརྗོད་ཅིག་ཡིན་འདུག་རུང་། དེ་ལ་བརྟེན་ནས་གཞིས་བྱེས་བོད་མི་ཙམ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་ལ་དད་མོས་དགའ་ཞེན་ཡོད་པའི་རྒྱལ་སྤྱིའི་མི་མང་དུང་ཕྱུར་མང་པོའི་སྙིང་ལ་དུག་མདའ་ཟུག་པ་ལྟ་བུའི་བློ་ཕམ་ཡི་ཆད་ཚད་མེད་བཟོས་ཡོད་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོས་བོད་མི་རྣམས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཁྱིམ་ཚང་ཆེན་པོའི་ནང་མཛའ་མཐུན་མཉམ་གནས་ཡོང་ཐབས་ལ་ལྷག་བསམ་རྣམ་དག་གིས་འབད་བརྩོན་གནང་བཞིན་པའི་སྐབས་འདིར། མི་རིགས་ཁ་བྲལ་དུ་གཏོང་བའི་རྒྱུ་རྐྱེན་ཤུགས་ཆེ་ཞིག་ཏུ་གྱུར་འདུག བྱེད་ཕྱོགས་འདི་རིགས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལྟ་བུ་སྟོབས་ཆེན་རྒྱལ་ཁབ་ཅིག་གི་བྱ་སྤྱོད་དང་ནམ་ཡང་མི་འཚམས་པ་མ་ཟད། བོད་རྒྱའི་འབྲེལ་མོལ་ལས་རིམ་གྱི་ཁོར་ཡུག་ལ་ཤིན་ཏུ་གནོད་ཚབས་ཆེ་བའི་བྱུང་རྐྱེན་ཞིག་ཡིན་འདུག་སྟབས། འཕྲལ་མྱུར་མཚམས་འཇོག་དང་འབྱུང་འགྱུར་འགན་ཁུར་མེད་པའི་གནས་ཚུལ་དེ་རིགས་མི་ཡོང་བའི་རེ་བ་བྱེད་ཀྱི་ཡོད། སེམས་ཀྱི་ཁ་བྲལ་ནི་ཁ་བྲལ་ཆེ་ཤོས་དེ་ཡིན་པས་ཁ་བྲལ་འགོག་རྒོལ་གྱི་མིང་ཐོག་ནས་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བ་ནི་རྒྱལ་ཁབ་དང་མི་རིགས་ལ་ཕུགས་གནོད་ཅན་གྱི་ནོར་འཁྲུལ་ཚབས་ཆེན་ཞིག་ཡིན་པར་ངོས་འཛིན་ཐུབ་པ་དགོས་ཞེས་ནན་བརྗོད་བྱེད་རྒྱུ་ཡིན། ༸གོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་བོད་རྒྱའི་ད་ཡོད་ཀྱི་འབྲེལ་ལམ་བརྒྱུད་བོད་ཀྱི་གནད་དོན་ཐག་གཅོད་ཡོང་སླད་མུ་མཐུད་འབྲེལ་མོལ་ཞུ་རྒྱུའི་ཆོད་སེམས་ལ་འགྱུར་བ་ནམ་ཡང་མེད།

མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། སྐུ་ཁམས་བཟང་ལ། མཛད་འཕྲིན་ཕྱོགས་བཅུར་རྒྱས་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ཕྱི་ལོ་ ༢༠༠༦ ཟླ་ ༧ ཚེས་ ༦ ལ།།

Share with your friends










Submit