ཟླ་བ་ ༦ ཚེས ༢༤ ༢༠༡༠

༄༅། །དེ་རིང་གི་ཉིན་མོ་འདི་ནི་རང་ཅག་ཁ་བ་རི་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཕགས་མཆོག་ཕྱག་ན་པལྨོའི་རྣམ་སྤྲུལ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག མཐའ་ཡས་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸གོང་ས་ལྷ་མིའི་རྣམ་འདྲེན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ། དགོས་པ་དང་དོན་གྱི་སླད་དུ་མཚན་ཡོངས་སུ་སྨོས་ན་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་བོད་ཤིང་ཕག་ཟླ་ ༥ ཚེས་ ༥ དང་། ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་བོད་བྱང་ཤར་མདོ་སྨད་ས་ཡི་ཐིག་ལེར་ཡབ་ཡུམ་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པའི་སྲས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ལེགས་པར་སྐུ་བལྟམས་ནས་ད་ཆ་རང་ལུགས་དགུང་གྲངས་ ༧༠ དང་། ཕྱི་ལུགས་ལྟར་ན་དགུང་གྲངས་ ༦༩ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་དུས་ཆེན་ཁྱད་འཕགས་ཅན་བཀྲིས་དགའ་བ་འབུམ་ལྡན་གྱི་ཉིན་མོ་འདིར་ཕྲན་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༸གོང་ས་མཆོག་སྐུ་ཚེ་ཞབས་པད་ཁྲི་ལོར་བརྟན་ཅིང་། མཛད་འཕྲིན་མཐའ་དག་དབྱར་མཚོ་བཞིན་དུ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པ་ཡོང་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན།

འཛམ་གླིང་ནང་རང་དབང་ཞི་བདེར་དགའ་བའི་སྐྱེ་འགྲོ་སྤྱིའི་མགོན་སྐྱབས་དང་། ལྷག་པར་གང་གི་སྐྱོང་ཡུལ་གངས་ཅན་པ་རྣམས་ཀྱི་འདྲེན་པ་བླ་ན་མེད་པ་ཞིག་བསམ་བཞིན་མིའི་སྲིད་པ་བཟུང་ནས། བོད་རྒྱལ་ཁབ་མི་རིགས་དང་བཅས་པ་རྩ་འཇིག་འགྲོ་ཉེའི་དུས་མཚམས་གཉན་འཕྲང་ཅན་གྱི་སྐབས་སུ་དུས་ནས་མི་གཡོལ་བའི་མ་སྔ་མ་ཕྱི་མེད་པའི་མཛད་པ་བཞེས་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོ་ཆེ་རང་ཡུལ་རང་དབང་སླར་གསོ་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་ཕན་ཚུན་གཉིས་སྨན་དབུ་མའི་ལམ་གྱི་ཐབས་ལམ་ལ་བརྟེན་ནས་ཞི་མོལ་འགྲིག་འཇགས་ཡོང་ཆེད་འཛམ་གླིང་ཤར་ནུབ་རྒྱལ་ཁབ་དུ་མར་ཞབས་ཀྱི་པལྨོ་རྣམ་པར་བཀོད་དེ་རྒྱལ་ཁབ་དེ་ཚོའི་ཆབ་སྲིད་ཀྱི་དབུ་ཁྲིད་ཁག་རིམ་ཅན་དུ་མཇལ་མོལ་གནང་བ་དང་། ཨ་རི་གྲོས་ཚོགས་སུ་ཞི་བའི་གྲོས་འཆར་དོན་ཚན་ལྔ་དང་། སི་ཊ་སི་སྦག་ཏུ་གསུང་བཤད་སྩལ་བ་སོགས་ལ་བརྟེན་བོད་མིའི་བདེན་དོན་གནས་ལུགས་གོ་དོན་ལེགས་རྟོགས་ཀྱིས་རྒྱལ་སྤྱིའི་གཞུང་མང་གཉིས་ཐོག་ནས་རྒྱབ་སྐྱོར་ཤུགས་ཆེ་ཐོབ་པས་དེང་སྐབས་བོད་དོན་གནས་བབ་ཚད་མཐོར་སླེབས་ཏེ་སྟོབས་ཆེན་རྒྱལ་ཁབ་དབར་འབྲེལ་མོལ་སྐབས་རང་བཞིན་སྣང་ཆུང་བསྐྱུར་འཇོག་བྱེད་ཐབས་མེད་པ་དང་། བོད་མིའི་ངོ་བོ་མ་བརླག་ཅིང་། བཙན་བྱོལ་བོད་མི་རྣམས་རང་དགར་ཁ་འཐོར་དུ་གྱར་སྡོད་མ་དགོས་པར་འཚོ་རྟེན་བཟོ་གཞིས་བཀོད་སྒྲིག བོད་མིའི་ཆོས་རིག་གཙོ་གྱུར་ཡུལ་གོམས་གཤིས་ལུགས་བཟང་པོ་རྣམས་མི་ཉམས་རྒྱུན་འཛིན་སླད་ཆོས་རིག་བསྟི་གནས་དགོན་སྡེ་གྲྭ་ཚང་དང་། བོད་མིའི་སློབ་གྲྭ་ཁག་གསར་འཛུགས་བསྐྱངས་དོན་ལྟར་དེང་སྐབས་བཙན་བྱོལ་བོད་མི་རྣམས་སྐྱབས་བཅོལ་བྱིངས་དང་མི་འདྲ་བར་ཡར་རྒྱས་འབུར་ཐོན་ཀུན་གྱི་བསྔགས་ཡུལ་དུ་གྱུར་པ་སོགས་ནི་༸གོང་ས་མཆོག་གི་རླབས་ཆེན་མཛད་འཕྲིན་ཁོ་ན་ལས་བྱུང་བ་ཡིན་སྟབས། བོད་མི་ཚོས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་བཀྲིན་རྗེས་དྲན་བྱ་འོས་ཐོག ༸གོང་ས་༸སྐྱབས་མགོན་ཆེན་པོའི་དབུ་ཁྲིད་ལམ་སྟོན་འོག་ཤར་བསྐྱོད་ཞུ་རྒྱུའི་དམ་བཅའ་སླར་གསོ་བྱ་རྒྱུ་ནི་འཁྲུངས་སྐར་གྱི་ལེགས་སྐྱེས་འབུལ་མཚོན་དམ་པ་ཞིག་ཡིན། དེ་རིང་གི་གོ་སྐབས་འདི་བརྒྱུད་རྒྱ་ཆེའི་མང་ཚོགས་ལ་སྐབས་བབ་གནད་དོན་འགའ་ཞིག་ཞུ་རྒྱུར།

ཚང་མས་མཁྱེན་གསལ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཕྱ་ནི་བོད་བསྟན་སྲིད་མི་རིགས་དང་བཅས་པ་ཆགས་འཇིག་གི་སྲོག་རྩ་གཅིག་ཉིད་ལ་སོང་༸གོང་ས་ཆེན་པོའི་སྐུ་ཕྱ་མཛད་འཕྲིན་གོང་ནས་གོང་འཕེལ་དང་། བོད་ཀྱི་བསྟན་སྲིད་བདེ་ཐབས་བཅས་ཀྱི་ཆེད་བླ་ལྷའི་ཐུགས་དམ་དགོངས་དོན་དང་། སྤྲེལ་ལོའི་དུས་ཆེན་ཁྱད་འཕགས་ཅན་དང་བསྟུན་ཏེ་གཞུང་མང་གཉིས་ཕྱོགས་ནས་ཞབས་རིམ་རྒྱ་ཆེ་གནད་སྨིན་སྒྲུབ་གསོག་དགོས་རྒྱུའི་སྐོར་རང་གཞུང་བཀའ་ཤག་ནས་ཡོངས་ཁྱབ་གསལ་བསྒྲགས་གནང་ཐོག་འདི་ནས་ཀྱང་འབྲེལ་ཡོད་ས་གནས་འཐུས་མིའི་ཚོགས་འདུ་ཁག་དང་། ས་གནས་རང་བདེན་ཚོགས་ཆུང་ཁག་བརྒྱུད་མང་ཚོགས་ལ་མཇུག་གནོན་སྐུལ་ཁྱབ་ཞུས་ཏེ་འཆར་གསལ་ལག་ལེན་འཁེལ་དང་འགེལ་མུས་གང་ལེགས་ལྟར། ད་དུང་༧རྒྱལ་བའི་སྐུ་ཕྱ་མཛད་འཕྲིན་ལས་གལ་འགངས་ཆེ་བ་གཞན་དུ་མ་མཆིས་སྟབས། ཞབས་རིམ་རྣམས་འཕྲལ་སེལ་སླ་བཅོས་སུ་མ་སོང་བར་སྨིན་སྒྲུབ་ཐོག གཞན་ཡང་བོད་མི་ཚོས་འདི་ཕྱི་གཉིས་སྨན་རྣམ་དཀར་དགེ་བའི་ལས་ལ་དག་སྣང་ཆེ་བསྐྱེད་དགོས་པའི་འབོད་སྐུལ་ཡང་ཆབས་ཅིག་ཞུ་རྒྱུ་ཡིན། གཙོ་ཆེ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་ནང་ཁུལ་ཆོལ་ཁ་ཆོས་ལུགས་དང་། ཡུུལ་ལུང་གི་ཕྱོགས་རིས་རྨོངས་ཞེན་འཐེན་ཁྱེར་ཡོངས་སུ་སྤངས་ཏེ་ཕན་ཚུན་དམ་གཙང་འོ་ཆུ་གཅིག་འདྲེས་དང་། ཕ་རོལ་དགྲ་བོའི་གཡོ་འཕྲུལ་དབྱེན་སྱོར་དཀྲུགས་ཤིང་ལ་ཧོལ་རྒྱུགས་སུ་མ་སོང་བར་རང་ཚུགས་རྣམ་དཔྱོད་ལྡན་ཞིང་། སྤྱི་མཐུན་གོང་བུའི་ནུས་ཤུགས་སྲ་བརྟན་གནས་ཐབས་ལ་ཤུགས་གནོན་གནང་ཐབས་བྱུང་ན་༧རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཡིན་ལ། ནང་གི་ཞབས་རིམ་ཡང་ཡིན་པས་ཚང་མས་འབད་འབུངས་ཆེ་བསྐྱེད་དགོས་པ་ཡིན།

ཕྱི་ལོ་ ༡༩༧༢ ལོའི་ནང་བོད་མི་ཚོས་རང་གི་རྒྱལ་ཁབ་དང་། མི་རིགས། རང་དབང་སླར་གསོའི་དོན་དང་། རང་གཞུང་དཔལ་འབྱོར་གྱི་རྒྱབ་རྟེན་སླད་དུ་དྭང་བླང་དཔྱ་དངུལ་འབུལ་རྒྱུར་མ་སྐུལ་དྭང་བླངས་ཀྱི་གྲོས་འཆམ་བྱུང་ཐོག བོད་མི་འདུ་སྡོད་ས་ཁུལ་ཡོངས་ལ་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་ཟུར་འཛུགས་ཀྱིས་ལས་གཞི་ལག་བསྟར་བྱེད་འགོ་བཙུགས་པ་ནས་བཟུང་བོད་མི་རྣམས་ནས་རང་རང་དཔལ་འབྱོར་འཁོས་ཀ་བཟང་ཞན་ལ་ལྟོས་མེད་དམིགས་ཡུལ་གཞིར་བཟུང་བསྡུ་འབབ་གང་ལེགས་བསྟར་ཆགས་སུ་ཕུལ་དང་འབུལ་མུས་ལྟར་རང་གཞུང་སྔོན་རྩིས་ཀྱི་ཡོང་འབབ་གཙོ་བོ་ཞིག་ཆགས་པར་བརྟེན་རྒྱ་ཆེ་མང་ཚོགས་ཀྱི་རྒྱལ་གཅེས་ལྷག་བསམ་སེམས་ཤུགས་གཏོང་ཕོད་ལ་བསྔགས་བརྗོད་ཞུ་རྒྱུ་དང་། དེ་འབྲེལ་སྔོན་དུ་ཕྱི་ཟླ་ ༣ པའི་ནང་གྲོས་ཚོགས་ཚོགས་དུས་བདུན་པ་བསྐྱངས་སྐབས་དྭང་བླངས་དཔྱ་དངུལ་བསྡུ་ཕྱོགས་སྐོར་སྒྲིག་གཞི་བསྐྱར་བཅོས་ཟིན་ཏེ་བསྒྱུར་བཀོད་གང་ཙམ་ཕྱིན་ཡོད་པ་ལྟར་མང་ཚོགས་ནས་དོ་སྣང་ཆེ་བསྐྱེད་ཀྱིས་སྒྲིག་གསལ་བསྡུ་འབབ་ཚད་གཞི་གཏན་འབེབས་གསར་པ་ལྟར་ལེ་མེད་སྒྲུབ་འབུལ་སྔར་བཞིན་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

དེ་བཞིན་སྔོན་དུ་ཕྱི་ཟླ་ ༣ པའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པར་གཏན་འབེབས་ཟིན་པའི་སྤྱི་འཐུས་སྒེར་གྱི་གྲོས་ཆོད་ཡིག་ཆ་ཨང་ ༡༣ པའི་སྐོར་བར་ལམ་བོད་མིའི་སྤྱི་ཚོགས་ནང་རང་རང་འཆར་སྒོ་སྤེལ་བའི་གླེང་གཞི་ཆེན་པོ་ཆགས་ཏེ་ཕན་ཚུན་བསམ་ཚུལ་སྤེལ་རེས་དང་། ཡིག་འབྲེལ་སྣ་ཚོགས་བྱས་པའི་ཡིག་བཤུས་ཁག་ཅིག་འདིར་ཡང་ཕུལ་འབྱོར་ཡོང་གི་འདུག་ཀྱང་། སྤྱི་འཐུས་ལྷན་ཚོགས་ནས་ ༡༩༩༧ ཟླ་ ༩ ཚེས་ ༡༨ ཉིན་གཏན་འབེབས་ཟིན་པའི་བོད་གཞུང་གི་ལམ་དབུ་མའི་སྲིད་བྱུས་ལངས་ཕྱོགས་ལ་བསྒྱུར་བཀོད་གཏོང་འཆར་སྐོར་བསམ་ཕུགས་སུ་གཏན་ནས་མེད་སྟབས། མང་ཚོགས་ནས་བློ་བདེ་བག་ཕེབས་ངང་གནས་ཆོག

ཉེ་ཆར་ཕྱི་ཟླ་ ༥ ཚེས་ ༢༣ ཉིན་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཁང་ནས་ བོད་ཀྱི་མི་རིགས་ས་ཁོངས་རང་སྐྱོང་ཞེས་པའི་ཡིག་ཆ་དཀར་པོའི་དེབ་ཅེས་འགྲེམས་བསྒྲགས་བྱས་པ་ནི་ཧ་ལས་ཧོན་འཐོར་གྱི་གནས་སུ་གྱུར། ཡིག་ཆ་དཀར་པོའི་ནང་དོན་ཁག་ལ་གཞིགས་ན་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཁག་དང་། དངོས་ཡོད་གནས་ཚུལ་ལ་བསྙོན་ཏེ་ཆབ་སྲིད་འཁྱོགས་བཤད་ཀྱིས་ཡོངས་སུ་ཁེངས་ཤིང་། རང་སྐྱོང་གི་རང་དབང་ཁེ་ཕན་ལོངས་སུ་སྤྱོད་ཀྱི་ཡོད་ཚུལ་སོགས་རྫུན་གཏམ་འབའ་ཞིག་བཀོད་དེ་འཆར་ཅན་རྒྱ་ཕྱོགས་ཀྱི་རང་འདོད་ལྟར་ལོ་རྒྱུས་ལ་འཁྱོག་བཤད་ཀྱི་དྲིལ་བསྒྲགས་གཏམ་ཚོགས་འབའ་ཞིག་ལས། དོན་སྙིང་ལྡན་ཞིང་དགའ་དགུ་ཡི་རང་འོས་པའི་གཏམ་གསར་ནི་ཡེ་ནས་མེད་པ་དང་། ཉེ་བའི་ཆར་བོད་རྒྱའི་འབྲེལ་ལམ་དུས་ཡུན་རིང་པོའི་རྗེས་བསྐྱར་གསོ་ཐུབ་སྟེ་འབྲེལ་མཐུད་རྒྱུན་གནས་ཡོང་ཐབས་སུ་བོད་མིའི་ངོས་ནས་བཟོད་བསྲན་ཁོག་ཡངས་ཀྱི་སྒོ་ནས་ཁོར་ཡུག་བཟང་པོ་སྐྲུན་ཐབས་ཁ་ཞེ་གཉིས་མེད་ཀྱིས་འབད་བརྩོན་བྱེད་མུས་མ་ཟད། བོད་མིའི་གཞུང་འབྲེལ་མ་ཡིན་པའི་སྐུ་ཚབ་རིང་མིན་རྒྱ་ནག་དང་། བོད་ཀྱི་ས་ཁུལ་ཁག་ནང་འཚམས་གཟིགས་ཕེབས་གཏན་འཁེལ་ཐོག ༸གོང་ས་༧་སྐྱབས་མགོན་ཆེན་པོའི་གཞུང་འབྲེལ་སྐུ་ཚབ་ཚོགས་པའང་རྒྱ་ནག་ལ་འབྲེལ་མོལ་སླད་བསྐྱར་དུ་ཕེབས་རྒྱུའི་འཆར་སྒྲིག་གནང་བཞིན་པའི་དུས་སྐབས་དང་བསྟུན་ཏེ་ཡིག་ཆ་དཀར་པོའི་དེབ་ཅེས་པ་ཆེད་བསྒྲགས་བྱས་པ་འདི་ནི་རྒྱ་ཕྱོགས་ནས་བོད་རྒྱ་ཞི་མོལ་གྱི་ལས་རིམ་འགྲོ་བཞིན་པའི་ཐོག་ཁ་ཞེ་གཉིས་མེད་དང་། ལྷག་བསམ་རྣམ་དག་ཇི་ཡིན་བོད་མི་ཚོར་དྭོགས་གཞི་སྣོན་མ་ཞིག་ཆགས་པ་མ་ཟད། འཛམ་གླིང་མང་ཚོགས་རྣམས་ལ་མགོ་སྐོར་བསླུ་བྲིད་བྱ་རྒྱུའི་གཡོ་བྱུས་ཤིག་ཡིན་ངེས་སྙམ་པ་དང་། གང་ལྟར་ད་ལྟའི་རྒྱ་ནག་གི་འགོ་ཁྲིད་གཞོན་རབས་ཚོས་སྔོན་གྱི་གུ་དོག་མཁྲེགས་བཟུང་གི་སྲིད་བྱུས་དོར་ཏེ་དུས་རབས་དང་མཐུན་པའི་བློ་སྟོབས་གསར་བསྐྱེད་ཀྱིས་བོད་རྒྱའི་དཀའ་རྙོག་བསལ་རྒྱུར་གོམ་སྟབས་ཆེ་ཙམ་བླངས་ཚེ་རྒྱལ་སྤྱིའི་ནང་རྒྱ་ནག་གི་ཆེ་མཐོང་གོང་མཐོར་འགྱུར་རྒྱུ་དང་། རྒྱ་བོད་ཁ་བྲལ་དུ་འགྲོ་མ་དགོས་པར་ཞི་མཐུན་མཉམ་གནས། ཡུལ་གྱི་ལྷིང་འཇགས་སོགས་གང་ཅིའི་ཁེ་ཕན་ཡོད་སྟབས་བསམ་ཞིབ་འཕྱུགས་མེད་གནང་གལ་ཆེ་བ་ཡིན།

མཐའ་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་ཅིང་། ཐུགས་བཞེད་ལྷུན་གྱིས་གྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ ༢༠༠༤ ཟླ་ ༧ ཚེས་ ༦ ལ།།

Share with your friends










Submit