༢༠༡༠ ཕྱི་ཟླ་ ༦ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༡༡ ཉིན་རྒྱབ་ཆུ་ཚོད་ ༣ ཡོལ་ཙམ་གྱི་ཐོག་ཚོགས་དྲུང་ལས་ཁུངས་ཀྱི་ཚོགས་ཁང་ནང་རྒྱ་གར་གྱི་ཇ་ན་ཏ་ཌཱལ་ཆིག་སྒྲིལ་ Janata Dal(United) སྲིད་དོན་ཚོགས་པའི་རྒྱལ་ཡོངས་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཇ་ཝེཌ་ར་ཛ་ Javed Raza ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་གནང་ཡོད། སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གི་གཙོས་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་ལགས་དང་། སྤྱི་འཐུས་ངག་དབང་ལྷ་མོ་ལགས་རྣམ་གཉིས་ཀྱང་མཉམ་ཞུགས་གནང་ཡོད། དེ་ཡང་ཐོག་མར་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་སྐུ་ཞབས་ཇ་ཝེཌ་ར་ཛ་ལགས་ནི་བོད་ཀྱི་གྲོགས་པོ་རྙིང་པ་ཞིག་ཡིན་པ་སོགས་ཀྱི་སྐོར་ངོ་སྤྲོད་གསུང་བཤད་གནང་། དེ་རྗེས་སྐུ་ཞབས་ཇ་ཝེཌ་ར་ཛ་ལགས་ཀྱིས་གསུང་དོན། ང་རང་དེ་རིང་འདིར་ཡོང་རྒྱུའི་གོ་སྐབས་ཐོབ་པར་ཧ་ཅང་དགའ་པོ་བྱུང་། དེ་སྔ་ནས་ང་རང་རྡ་སར་ཡོང་རྒྱུའི་འདོད་པ་ཆེན་པོ་ཡོད། དེ་སྔ་ང་ཚོའི་ཚོགས་པའི་དབུ་ཁྲིད་བགྲེས་པ་ཇོར་ཇི་ཕར་ནན་ཌི་ཛ་ George Fernandenz མཆོག་གིས་༸གོང་ས་མཆོག་དང་མཇལ་འཕྲད་ལན་མང་ཞུས་མྱོང་ཡོད་པ་རེད། ང་ཚོའི་ཚོགས་པས་དུས་རྟག་ཏུ་བོད་དོན་ཆེད་རྒྱབ་སྐྱོར་ཞུས་དང་ཞུ་མུས་ཡོད། ང་ཚོའི་ཚོགས་གཙོ་སྐུ་ཞབས་ཤ་ར་ཌ་ཡ་ཌབ་ Sharad Yadav མཆོག་གིས་དུས་ནས་དུས་སུ་རྒྱ་གར་གྱི་གྲོས་ཚོགས་སྟེང་བོད་ཀྱི་གནད་དོན་སྐོར་གླེང་གློང་གནང་གི་ཡོད། ང་ཚོས་རྒྱ་གར་གཞུང་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། སྡུག་སབྱོང་མང་པོ་མྱོང་བཞིན་པ་རྣམས་སྐྱོབ་དགོས་སྐོར་ཞུས་ཡོད། བཙན་བྱོལ་བོད་གཞུང་གི་གྲོས་ཚོགས་དང་ང་ཚོའི་ཚོགས་པ་དབར་གྱི་གནད་དོན་ཁག་གི་ཤེས་རྟོགས་སླད་ All Party Indian Parliamentary Forum for Tibet རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་འདི་བཞིན་ནུས་ཤུགས་ཆེ་རུ་གཏོང་དགོས་པའི་བཙན་བྱོལ་གྲོས་ཚོགས་ཀྱིས་རེ་སྐུལ་ཞུས་པ་བཞིན། ང་ཚོས་བཙན་བྱོལ་བོད་མིའི་སྤྱི་ཚོགས་བཟང་པོ་ཞིག་ཡོང་སླད་མཉམ་རུབ་བྱེད་ཀྱི་ཡིན། དེ་བཞིན་སྲིད་བློན་ནེ་རུའི་སྐབས་ནས་བོད་དོན་ཐོག་འཛིན་པའི་སྲིད་བྱུས་དེར་འགྱུར་བ་གཏོང་དགོས་ཀྱི་འདུག གང་ཡིན་ཟེར་ན་དེང་སང་གང་ཅིའི་ཐད་ནས་འགྱུར་བ་ཤུགས་ཆེ་ཕྱིན་ཡོད། དེར་བརྟེན་སྔ་མོའི་སྲིད་བྱུས་དེ་བསྐྱར་བཅོས་བྱེད་དགོས་ཀྱི་རེད། ཅེས་གསུངས། དེ་རྗེས་ཁོང་གིས་གསར་འགོད་པ་དང་ལྷན་དྲི་བ་དྲིས་ལན་ཡང་གནང་ཡོད་པ་བཅས།།