༢༠༡༠ ཕྱི་ཟླ་ ༦ ཚེས་ ༡༥ རེས་གཟའ་མིག་དམར།
༄༅། །སུད་སི་རྒྱལ་ས་ཇི་ནི་ཝའི་ནང་ (Geneva) འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐབས་ ༡༤ པའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་དེ་ཕྱི་ཟླ་ ༥ ཚེས་ ༣༡ ནས་ཕྱི་ཟླ་ ༦ ཚེས་ ༡༨ བར་འཚོགས་བཞིན་ཡོད། ཐེངས་འདིར་རྒྱ་ནག་གཞུང་གིས་སྨྲ་བརྗོད་རང་དབང་བེད་སྤྱོད་བྱེད་མཁན་གྱི་བོད་མི་འཛིན་བཟུང་བྱས་པ་དང་། དོ་དམ་བཀག་ཉར་བྱས་པ། སྲོག་ཁྲིམས་བཅད་པ། དེ་བཞིན་འདས་གྲོངས་ཕྱིན་པ། རང་ལོ་ ༢༧ སོན་པའི་གྲྭ་ཕུན་ཚོགས་རབ་རྒྱས་བཅས་ཀྱི་གནད་དོན་སྐོར་གླེང་ཡོད་པ་མ་ཟད། ལྷ་སའི་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༨ ཉིན་བོད་མི་ལྔ་ལ་སྲོག་ཁྲིམས་ཀྱི་ཉེས་ཆད་བཀལ་བ་སོགས་ཀྱི་གནད་དོན་རྒྱ་ནག་གཞུང་ལ་གསལ་སྟོན་བྱས་ཡོད། སྐབས་དེར་རྒྱ་ནག་གཞུང་གི་སྐུ་ཚབ་ནས་གནད་དོན་དེ་དག་སྐོར་གསལ་བཤད་བྱས་ཡོད་ཀྱང་། ཁྲིམས་དཔོན་དང་ཁྲིམས་རྩོད་པའི་རང་དབང་ཐོག་དམིགས་བསལ་ཐུགས་འགན་བཞེས་མཁན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆུང་ (Special Rapporteur on Independence of Judges and lawyers) གིས་ལྷ་སའི་འབྲིང་རིམ་མི་མང་ཁྲིམས་ཁང་ནས་ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༨ ཉིན་བོད་མི་དེ་དག་ཁྲིམས་གཏུགས་སྐབས་ཁྲིམས་ཆད་ཕོག་པའི་བོད་མི་རྣམས་རང་གི་ཁྲིམས་རྩོད་པ་དང་ལྷན་ཐུག་རྒྱུའི་གོ་སྐབས་སྤྲད་ཡོད་མེད། གལ་ཏེ་རྒྱ་ནག་གཞུང་གིས་བོད་མི་དེ་དག་ལ་རང་གི་ཁྲིམས་རྩོད་པ་དང་ཐུག་འཕྲད་བྱེད་རྒྱུའི་གོ་སྐབས་སྤྲད་ཡོད་སྐོར་བརྗོད་པ་དེ་དངོས་བདེན་ཡིན་ན། གོ་སྐབས་ནམ་ཞིག་སྤྲད་ཡོད་མེད་དང་། ཐུག་འཕྲད་བྱ་རྒྱུའི་གོ་སྐབས་དུས་ཡུན་ཇི་ཙམ་སྤྲད་ཡོད་མེད་ཐོག་རྒྱ་ནག་གཞུང་གིས་གསལ་བཤད་དགོས་པའི་རེ་འདུན་བཏོན་ཡོད་པ་མ་ཟད། སྐབས་དེར་ལྷ་སའི་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཁྲིམས་ཆད་ཕོག་པའི་བོད་མི་རྣམས་ཀྱི་ཁྲིམས་རྩོད་པའི་རང་དབང་ལ་དམ་བསྒྲགས་བྱས་ཡོད་མེད་དང་། ཁྲིམས་ཆད་ཕོག་པའི་བོད་མི་རྣམས་ལ་དང་བླངས་ཀྱིས་རྒྱབ་སྐྱོར་ཞུ་མཁན་ཁྲིམས་རྩོད་པ་དེ་དག་ལ་འཇིགས་སྐུལ་བྱས་པའི་གནས་ཚུལ་བྱུང་ཡོད་པ་ཁག་ལ་ཞིབ་འཇུག་བྱས་པའི་གྲུབ་འབྲས་ཇི་བྱུང་རྒྱ་ནག་གཞུང་གིས་གསལ་བཤད་བྱེད་དགོས་པ་དང་། ལྷ་སའི་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཉེས་འཛུགས་བྱས་པའི་བོད་མི་དེ་དག་དང་། ལྷག་པར་སྲོག་ཁྲིམས་ཕོག་པའི་བོད་མི་དེ་དག་ལ་གྱོད་གཞི་ཇི་བྱུང་རྣམས་རང་དབང་ཅན་གྱི་ཁྲིམས་ཞིབ་ཚོགས་ཆུང་གི་མདུན་སར་དྲང་བདེན་གྱི་ཁྲིམས་བཤེར་བྱེད་རྒྱུ་དང་། གྱོད་གཞི་དེ་དག་ཞིབ་ཕྲ་གསལ་བཤད་བྱེད་རྒྱུའི་གོ་སྐབས་སྤྲོད་རྒྱུ་གཞུང་ལ་འགན་ཡོད་སྐོར་གསལ་བཤད་བྱས་ཡོད། སྐབས་དེར་བསྟན་འཛིན་བསམ་འཕེལ་ལགས་ཀྱིས་ཉེ་ལམ་རྒྱ་ནག་གཞུང་གིས་བོད་མི་གཉིས་ལ་ལོ་གཉིས་དུས་འགྱངས་ཐོག་སྲོག་ཁྲིམས་ཀྱི་ཉེས་ཆད་བཀལ་ཡོད་སྐོར་གསལ་བཤད་བྱས་ཡོད་པ་མ་ཟད།
ཕྱི་ལོ་ ༢༠༠༨ ཟླ་ ༤ ནས་ད་བར་བོད་མི་ ༣༩༤ ཙམ་ལ་རྒྱ་ནག་གཞུང་གི་ཁྲིམས་ཁང་ནས་དུས་བཀག་འདྲ་མིན་ཐོག་བཙོན་འཇུག་གི་ཉེས་ཆད་བཀལ་བའི་ཁུངས་ལྡན་གྱི་གནས་ཚུལ་བོད་མི་ཚོར་ཡོད་པ་དང་། ལྷག་པར་རྒྱ་ནག་གཞུང་གི་ཁྲིམས་ཞིབ་ལྷན་ཁང་དང་ཁྲིམས་དཔོན་སོགས་ལ་རང་དབང་ཡོད་མེད་དོགས་གཞི་ཡིན་པ་མ་ཟད། ཁྲིམས་ཁང་གི་ལས་དོན་གཙོ་བོ་དེ་རྒྱལ་ཁབ་དང་དམར་ཤོག་ཚོགས་པའི་དམིགས་ཡུལ་སྒྲུབ་རྒྱུ་དེ་ཡིན་སྐོར་གསལ་བཤད་ནན་པོ་གནང་ཡོད། དེ་བཞིན་ཁོང་གི་སྐབས་དེར་ཕུར་བུ་ཚེ་རིང་རིན་པོ་ཆེ་ལ་རྒྱ་ནག་གཞུང་གིས་དཔང་རྟགས་གསལ་པོ་གང་ཡང་མེད་ཐོག་ཁྲིམས་ཆད་བཀལ་ཡོད་སྐོར་གསལ་བཤད་བྱས་ཡོད། དེ་མཚུངས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ལྷན་ཚོགས་ (Human Rights Watch) དང་། ཧེལ་སེང་ཀི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ (Helsinki Foundation for Human Rights) བཅས་གཞུང་འབྲེལ་མིན་པའི་རྒྱལ་སྤྱིའི་ཚོགས་པ་ཁག་གིས་སོ་སོའི་སྙན་ཐོའི་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་འཁོད་ཡོད་པའི་སྐོར་གསལ་བཤད་ཞུས་ཡོད། དེ་བཞིན་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་སེམས་ཚབ་ཡོད་སྐོར་གསལ་བཤད་ཞུ་མཁན་གྱི་རྒྱལ་ཁབ་ཁག་ནི་ཨ་རི་དང་། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཡིན། དེ་ཡང་ཨ་རིའི་གཞུང་གི་སྐུ་འཚབ་ཀྱིས་གསུང་དོན། བོད་དང་ཤིང་ཅང་ལྟ་བུ་གྲངས་ཉུང་མི་རིགས་རྣམས་ལ་དམ་བསྒྲགས་ཤུགས་ཆེ་ཡོད་པ་མ་ཟད། ཁོང་ཚོའི་ཆོས་ལུགས་རང་དབང་ལ་དམ་བསྒྲགས་བྱེད་བཞིན་ཡོད་ཅེས་བརྗོད་ཡོད། དེ་བཞིན་སེ་པེན་སྐུ་ཚབ་ནས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚབ་ཞུས་ཏེ་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་སེམས་ཚབ་ཡོད་སྐོར་གསལ་བཤད་གནང་ཡོད། ཕྱོགས་མཚུངས་ཇར་མན་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་སོགས་ཀྱི་སྐུ་ཚབ་རྣམས་ཀྱིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་བཅས།།