ཟླ་བ་ ༦ ཚེས ༢༤ ༢༠༡༠

༄༅། །དེ་རིང་ ༢༠༠༣ ཟླ་ ༩ ཚེས་ ༢ ཉིན་བོད་ལྗོངས་མང་གཙོའི་ལམ་བཟང་གསར་དུ་དབུ་བརྙེས་ཏེ་མི་ལོ་ ༤༣ འཁོར་བའི་དུས་དྲན་སྲུང་བརྩི་གནང་བཞིན་པའི་སྐབས་འདིར་གོང་དུ་བཀུར་འོས་འཕགས་པའི་དགེ་འདུན་གྱི་སྡེ་རྣམས་དང་། ཆེས་མཐོའི་ཁྲིམས་ཞིབ་པ་ཆེན་མོས་དབུས་ཁྲིམས་ཞིབ་པ་ལས་ཟུར་རྣམ་པ། བཀའ་བློན་ཁྲི་པས་གཙོས་བཀའ་བློན་ལས་ཟུར་རྣམ་པ། རང་དབང་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། དྲུང་ཆེ་ཆུང་གིས་གཙོས་གཞུང་ཞབས་ལས་བྱེད་ཆེ་ཕྲ། ལྷ་ས་ས་གནས་འཐུས་མིའི་ཚོགས་འདུའི་ཚོགས་གཙོ་གཙོས་པའི་ཚོགས་འཐུས་རྣམ་པ་དང་། ལྷ་ས་ས་གནས་འགོ་འཛིན། ས་གནས་བོད་རང་དབང་བདེན་པའི་ཚོགས་ཆུང་གི་ཚོགས་མི་རྣམ་པ། སྡེ་ཁག་གི་འགན་འཛིན་རྣམ་པ་མ་འོངས་བོད་ཀྱི་སོན་རྩ་སློབ་གྲྭ་བ་བཅས་ལ་ངོས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་གཞིས་བྱེས་བོད་མི་ཡོངས་ལ་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

འཛམ་གླིང་ནང་རྒྱལ་ཁབ་ཀྱི་ཆབ་སྲིད་སྐྱོང་སྟངས་ལྟ་གྲུབ་བམ། རིང་ལུགས་འདྲ་མིན་ཅི་རིགས་ཤིག་དར་ཁྱབ་རིམ་བྱུང་གི་ནང་ནས་མང་ཚོགས་ཀྱི་འཕྲལ་ཡུན་བདེ་རྩར་ཕན་རླབས་ཆེ་ཞིང་། འགན་དབང་གཉིས་ལྡན། རང་དབང་ཐོབ་ཐང་ཆེ་ཤོས་ནི་རང་གིས་འོས་འཕེན་འདེམས་ཐོན་བྱུང་བའི་འཐུས་མིའི་བརྒྱུད་གཞུང་སྲིད་འཛིན་སྐྱོང་བྱེད་པའི་རང་དབང་མང་གཙོའི་ལམ་ལུགས་འདི་ཉིད་ལ་གཙིགས་ཆེར་འཛིན་གྱི་ཡོད་གཤིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་ལས་སྐུ་གཞོན་ནུའི་དུས་ནས་རང་དབང་མང་གཙོའི་ལམ་བཟང་ལ་ཐུགས་འདུན་ལྷན་སྐྱེས་སུ་ཡོད་པ་ལྟར། ཕྱི་ལོ་ ༡༩༥༠ ཟླ་ ༡༡ ཚེས་ ༡༧ ཉིན་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བདག་གིར་བཞེས་འཕྲལ་མི་ལོ་དགུའི་རིང་རྒྱ་ཕྱོགས་ནས་འགལ་རྐྱེན་སྣ་ཚོགས་ཇི་ལྟར་བཟོས་མིན་ལ་མ་ལྟོས་པར་ཐོག་མར་རང་ཡུལ་དུ་སྤྱི་ཚོགས་ལེགས་བཅོས་ལས་ཁུངས་ཟུར་བཙུགས་ཀྱིས་བོད་ཀྱི་ཆབ་སྲིད་འགྲོ་ལུགས་གང་ཅིར་རང་དབང་མང་གཙོར་འགྱུར་ཐབས་དང་། བོད་མིའི་སྤྱི་ཚོགས་ནང་བུན་རྙིང་ཡོད་རིགས་ཆག་ཡང་གནང་སྟེ་མང་ཚོགས་བདེ་ཐབས་འཚོ་གཟིགས་མཛད་པས་མཚོན་དེང་དུས་དང་མཐུན་པའི་བོད་མིའི་སྤྱི་ཚོགས་ཡར་རྒྱས་མདུན་བསྐྱོད་ཡོང་ཐབས་སུ་སྒྱུར་བཀོད་སྒོ་གང་ས་ནས་མཛད་ཅིང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་འཕགས་པའི་ཡུལ་དུ་སྲིད་དོན་སྐྱབས་བཅོལ་དུ་ཕེབས་མ་ཐག་གནས་དུས་ཀྱི་དཀའ་ངལ་དང་ཕྱི་ནང་ཆ་རྐྱེན་འཛོམས་མིན་ལ་མ་ལྟོས་པར་ཐོག་མའི་དགོངས་བཞེད་གཞིར་བཟུང་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་འཛུགས་གསར་བཙུགས་བསྐྱངས་ཏེ་ད་ཆ་སྤྱི་འཐུས་སྐབས་བཅུ་གསུམ་བར་འགྲོ་མུས་ཡིན། ༡༩༦༣ ལོར་མ་འངོས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ཆེད་བསྒྲགས་གནང་བ་དང་། ད་ཕན་བཙན་བྱོལ་དུ་གནས་པའི་རིང་བོད་མིའི་ཆབ་སྲིད་རང་བཞིན་མང་གཙོ་ཚད་ལྡན་མིང་དོན་མཚུངས་པ་ཡོང་ཐབས་སུ་འབད་བརྩོན་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་ཐོག་ཉམས་མྱོང་རིམ་བསགས་རྗེས་ཕྱི་ལོ་ ༡༩༩༡ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཡང་དག་པའི་ལམ་སྟོན་འོག་སྐབས་བཅིུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་གྲངས་སྤར་གྱིས་མང་གཙོའི་ལམ་སྲོལ་མིང་དོན་མཚུངས་པའི་དུས་བསྟུན་བསྒྱུར་བཅོས་བཀོད་སྒྲིག་དང་ ། སྤྱི་འཐུས་ལྷན་ཚོགས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གྲུབ་པའི་དགོངས་དོན་མང་གཙོའི་ཀ་བ་གསུམ་སྟེ་འཛིན་སྐྱོང་བཀའ་ཤག་དང་། ཁྲིམས་བཟོ་ལྷན་ཚོགས། ཁྲིམས་ལུགས་དབང་འཛིན་བཅས་ཀྱི་འགན་དབང་ལྗིད་མཉམ་དབྱེ་གསེས་གསལ་འབྱེད་བཟོ་གནང་མཛད།

རང་གཞུང་འཕྲིན་ལས་ཀྱི་མཛད་གཙོ་བཀའ་བློན་རྣམ་པ་འདེམས་བསྐོ་གནང་ཕྱོགས་ལའང་ལེགས་ཆའི་སྒྱུར་བཀོད་སྔ་རྗེས་སུ་གནང་སྟེ། ད་ཆ་འདི་སྐོར་འགྱུར་བ་གསར་ཤོས་ནི་བཅའ་ཁྲིམས་དོན་ཚན་ ༢༡ པའི་དགོངས་དོན་ལྟར་བོད་ཀྱི་ཡུལ་མི་འོས་འཕེན་གྱི་ཐོབ་ཐང་དང་། རང་དབང་ཡོད་པ་རྒྱ་ཆེའི་མང་ཚོགས་ཀྱིས་སྤྱི་ཡོངས་འོས་བསྡུའི་ལམ་ནས་བཀའ་བློན་ཁྲི་པ་འོས་བསྡུ་དང་། འདེམས་ཐོན་བཀའ་བློན་ཁྲི་པ་དེས་རང་གི་ལས་རོགས་བཀའ་བློན་རྣམས་ཀྱི་འོས་མིང་སྤྱི་འཐུས་ལྷན་ཚོགས་སུ་ཕུལ་ཏེ། སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ཀྱིས་གཞུང་སྲིད་འཛིན་སྐྱོང་གནང་བ་སོགས་མང་གཙོའི་མདུན་མཆོངས་ཆེན་པོ་ཞིག་བྱུང་ཡོད། རང་རེ་བོད་མིའི་མང་གཙོའི་འཕེལ་རིམ་མདུན་བསྐྱོད་འདི་ལྟ་བུ་ཐུབ་པ་ནི་༧སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་རླབས་ཆེན་མཛད་འཕྲིན་དང་། ཐུགས་རྗེ་བཀྲིན་ཁོ་ན་ལས་བྱུང་བ་ཞིག་ཡིན་སྟབས། དེ་རིང་མགོན་པོ་གང་གི་བཀའ་དྲིན་རྗེས་དྲན་ཞུ་དགོས་ཐོག་༸གོང་ས་མཆོག་གི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་འོག་ཤར་བསྐྱོད་དང་། བཀའ་སློབ་དགོངས་དོན་རང་ཅག་བོད་ལྗོངས་ཆོལ་ཁ་གསུམ་གྱི་མི་རིགས་རྣམས་ཤ་ཁྲག་གཅིག་ལས་མཆེད་པའི་སྤན་ཟླ་དང་། སྟོན་པ་གཅིག་གི་རྗེས་འཇུག་གི་འདུ་ཤེས་ལར་རྒྱ་དམ་པོར་བཟུང་སྟེ་མཐུན་ལམ་ཆིག་སྒྲིལ་དམ་གཙང་དར་དཀར་ཡུག་གཅིག་ངང་བོད་སྤྱིའི་རྩ་དོན་ཐོག་འཁོས་དཔག་བགོ་སྐལ་ཞབས་འདེགས་འཁུར་བསྐྱེད་དགོས་པ་ཡིན།

མང་གཙོའི་འཕེལ་རིམ་སྐོར་རྒྱལ་ཁབ་མང་ཆེ་བའི་རྒྱལ་རབས་ལོ་རྒྱུས་ཀྱི་དེབ་ཐེར་དག་ལ་བལྟས་ཚེ། དབང་འཛིན་པ་ཚོས་ཀླད་རྙིང་མཁྲེགས་བཟུང་གིས་སྲིད་དབང་དམ་འཛིན་བཙན་ཤེད་བྱས་སྟབས་གསར་བརྗེའི་ལས་འགུལ་འཐབ་རྩོད་ནང་ཡུལ་མི་མང་དག་གི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གིས་མི་གསོད་ཁྲག་སྱོར་གྱིས་ཁེངས་ཤིང་། མི་རབས་ནས་མི་རབས་བར་དཀའ་སྡུག་གདོང་ལེན་ལུ་གུ་རྒྱུད་སྦྲེལ་ཆེ་བསྐྱེད་བྱ་དགོས་པའི་གནས་ཚུལ་བྱུང་ཡང་། རང་རེར་མཚོན་ན་གནས་ཚུལ་དེ་ལས་ལྡོག་སྟེ་རྒྱ་ཆེའི་མང་ཚོགས་ཀྱི་ཆབ་སྲིད་གོ་རྟོགས་སྨིན་མིན་དང་། ཞུ་རྩོད་འཕེར་མིན་ལ་ལྟོས་མེད་༸གོང་ས་ཆེན་པོས་གནང་སྱིན་ལྟ་བུ་བདེ་བླག་ཏུ་བསྩལ་ཡོད། ཡང་ལ་ལས་མང་གཙོའི་སྒྲིག་འཛུགས་ནང་སྤྱིའི་ཁྲིམས་སྒྲིག་འཁུར་མ་དགོས་པར་རང་སྣང་གང་དྲན་རང་འདོད་ལྟར་བྱ་འཐུས་རང་དབང་ཡིན་གནས་དང་། འགན་ཁུར་གང་ཡང་བྱེད་དགོས་མེད་པ་ལྟ་བུའི་འགྲེལ་བརྗོད་བྱེད་པ་ནི་ནོར་འཁྲུལ་ཡིན་ཞིང་། དེ་ལས་ལྡོག་སྟེ་མང་གཙོའི་སྒྲིག་འཛུགས་ནི་ཁྲིམས་མཐུན་འགོ་མཇུག་ལྡན་ལ་བྱ་གཞག་གང་ཅིར་བློ་གྲོས་རྣམ་དཔྱོད་ཀྱི་རྗེས་སུ་འཇུག་སྟེ་མང་མོས་འདོད་བསྟུན་དང་། ལྷག་པར་འགན་དབང་མཉམ་སྤྱོད་བྱེད་དགོས་པ་ནི་ཤེས་དགོས། ད་དུང་མང་གཙོའི་ལམ་སྲོལ་སྲ་བརྟན་ཡར་རྒྱས་ཡོང་མིན་མང་ཚོགས་ཀྱི་བསམ་བློའི་གནས་ཚད་དང་། སྤྱི་དོན་ཐོག་འཁུར་བསམ་ཕྱར་གྲུ་མཉམ་ འདེགས་བཅས་ལ་རག་ལུས་སྟབས། ཆབ་སྲིད་གོ་རྟོགས་སྤེལ་སླད་འདི་ལོའང་བོད་མི་མང་སྤྱི་འཐུས་རྣམས་ཆ་བགོས་ཀྱིས་རྒྱ་བལ་གཉིས་སུ་བོད་མི་འདུ་སྡོད་ས་ཁུལ་ཁག་ནང་རང་རིགས་མང་ཚོགས་ལ་ཆབ་སྲིད་དྲིལ་བསྒྲགས་སློབ་གསོར་ཆེད་ཕེབས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་སྙན་མཛད་འཕྲིན་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོའི་འཕེལ་རིམ། སྐབས་བཅུ་གསུམ་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་རིམ་ཁག་དང་ཐག་ཆོད་ཇི་བྱུང་། ལྷག་པར་བཙན་བྱོལ་བོད་མིའི་དྭང་བླང་དཔྱ་དངུལ་དང་བསྡུ་དངུལ་འབུལ་འབབ་ཀྱི་སྒྲིག་གཞི་སོགས་བསྐྱར་བཅོས་འཕར་འགྱངས་བྱས་རིགས་ལ་མང་ཚོགས་ནས་བསམ་འཆར་ཇི་ཡོད་ལེན་ཐབས། གྲོས་ཚོགས་ཚོགས་དུས་ལྔ་པར་གྲོས་ཆོད་ཡིག་ཆ་ཨང་ ༦༣ ནང་གསེས་ ༣ པར་ས་གནས་སོ་སོར་ས་གནས་འཐུས་ཚོགས་ཚགས་ཚུད་དང་། སྔོན་རྩིས་སྟངས་འཛིན་གནང་ཕྱོགས་སྐོར་སོགས་གསེས་བཀྲོལ་འགྲེལ་བརྗོད་ཐུབ་པ་བྱུང་གཤིས་མང་ཚོགས་ནས་དོ་སྣང་ཆེན་པོས་ཚོགས་ཞུགས་གསན་བཞེས་གནང་བ་གང་ལེགས་ལྟར་འདི་སྐོར་དམིགས་ཡུལ་ལྟར་མུ་མཐུད་དོན་ཐོག་ཏུ་འཁེལ་ཐབས་ལ་བསམ་ཞིབ་རྒྱུན་བསྲིངས་གནང་ཕྱོགས་ཡོད་པ།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རེ་དགོངས་བཞེད་ལྟར་བོད་མིའི་སྤྱི་ཚོགས་ནང་མང་གཙོའི་གོ་རྟོགས་འཕེལ་རྒྱས་དང་། གཞི་རིམ་ནས་མང་གཙོའི་འཕེལ་རིམ་ཡར་རྒྱས་ཚགས་ཚུད་ཡོང་ཐབས་སུ་བོད་མིའི་འདུ་སྡོད་ས་ཁུལ་ཁག་གི་ས་གནས་འགོ་འཛིན་རྣམས་ས་ཁུལ་མི་མང་རང་ནས་འདེམས་བསྐོ་ལག་ལེན་འཁེལ་ཐབས་དགོས་སྐོར་༸གོང་ས་༸སྐྱབས་མགོན་ཆེན་པོས་སྔ་ཕྱིའི་བཀའ་སློབ་ཕེབས་སྒོ་རྣམས་ལུང་འདྲེན་ཞུས་ཏེ་སྔ་ལོའི་མང་གཙོའི་གསུང་འཕྲིན་ནང་འབོད་བསྐུལ་ཤུགས་ཆེ་ཞུས་ཐོག དེ་རྗེས་མང་ཚོགས་ལ་གཏམ་བཤད་ཀྱི་གོ་སྐབས་ནམ་བྱུང་སྐབས་ཀྱང་མཇུག་གནོན་བསྐུལ་མ་རིམ་ཞུས་ལྟར་ས་ཁུལ་འགའ་ཞིག་ནང་དངོས་སུ་ལག་ལེན་འཁེལ་འགོ་ཚུགས་པར་འདི་ནས་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུ་དང་། ས་གནས་མང་ཆེ་བར་འདི་སྐོར་ལག་ལེན་འཁེལ་བསྡད་ལ་བརྟེན་མང་ཚོགས་ནས་སྔར་ལྷག་ཐུགས་སྣང་ཆེ་བསྐྱེད་ཀྱིས་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་ཐབས་ཐོག ད་ཡོད་གཞུང་བསྐོས་ས་གནས་འགོ་འཛིན་རྣམས་ནས་ཀྱང་༸གོང་ས་ཆེན་པོས་བཀའ་སློབ་ཕེབས་དགོངས་སོགས་མང་ཚོགས་ལ་དུས་ནས་དུས་སུ་བསྐུལ་ལྕག་དང་འབྲེལ་དོན་དུ་ས་གནས་འགོ་འཛིན་འོས་འདེམས་ལས་གཞིར་ཤུགས་གནོན་ཆེ་བསྐྱེད་ཡོང་བའི་སླར་ཡང་འབོད་བསྐུལ་ནན་ཙམ་ཞུ་རྒྱུ་ཡིན།

དེ་འབྲེལ་གོང་གསལ་གནད་དོན་དང་འབྲེལ་བའི་བཙན་བྱོལ་བོད་མིའི་བཅའ་སྒྲིག་ཁག་གི་དགོངས་དོན་ས་ཁུལ་སོ་སོར་ས་གནས་འཐུས་ཚོགས་ནི་ས་གནས་སོ་སོའི་མང་གཙོའི་ཀ་བ་གསུམ་ལས་ཁྲིམས་བཟོ་ལྷན་ཚོགས་སྟེ། གཞི་རིམ་མང་གཙོའི་འཕེལ་རིམ་ལ་མེད་དུ་མི་རུང་བའི་སྒྲིག་འཛུགས་གལ་ཆེར་སོང་ད་ཕན་ས་ཁུལ་གྲངས་ ༤༠ ལྷག་ནང་ས་གནས་འཐུས་ཚོགས་དངོས་སུ་ཚུགས་ཟིན་པ་གང་ལེགས་དང་། དེ་བྱིངས་ཁག་ལ་བཅའ་ཁྲིམས་དང་སྒྲིག་གཞི་འགལ་མེད་རིམ་པས་ཚུགས་ཐབས། ས་འཐུས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཚགས་ཚུད་ཡར་རྒྱས་གཏོང་ཐབས་བཅས་ཀྱི་སྐོར་སྔོན་དུ་སྤྱི་འཐུས་རྣམ་པ་ཆབ་སྲིད་སློབ་གསོར་ཕེབས་སྐབས་བརྗོད་གཞིའི་གནད་དོན་ཁོངས་གལ་ཆེའི་གྲས་ཤིག་ཡིན་པ་མ་ཟད། རྗེས་ལོའི་ནང་ཙམ་ལ་ས་ཁུལ་སོ་སོར་ས་གནས་འཐུས་མི་ཚོགས་འདུའི་ཚོགས་མི་རྣམས་ལ་གཟབ་སྦྱོང་སློབ་ཁྲིད་དང་། ལྷ་སར་སྤྱི་འཐུས་གྲོས་ཚོགས་ཚུགས་སྐབས་ས་གནས་འཐུས་ཚོགས་རྣམས་རེ་བསྐོར་ཟུར་གཟིགས་ཁོངས་གཞུང་འབྲེལ་མགྲོན་འབོད་ཀྱིས་ཉམས་མྱོང་དམར་ཁྲིད་ལྟ་བུ་ཞུ་རྒྱུའི་འཆར་སྒྲིག་ཞུ་བཞིན་ལ་ས་ཁུལ་སོ་སོ་ནས་ཀྱང་ཕྱར་གྲུ་མཉམ་འདེགས་ཡོང་བ་ཞུ་རྒྱུ་ཡིན།

བོད་རྒྱའི་དབར་ཐད་ཀའི་འབྲེལ་ལམ་དུས་ཡུན་རིང་པོའི་རྗེས་བསྐྱར་གསོ་ཐུབ་སྟེ་བཙན་བྱོལ་བོད་གཞུང་གི་འབྲེལ་མཐུད་སྐུ་ཚབ་ཚོགས་པ་སྔ་ལོ་དང་འདི་ལོའི་ནང་སོ་སོར་རྒྱ་ནག་ཏུ་རྒྱ་མིའི་འགོ་ཁྲིད་ཁག་མཇལ་མོལ་ཐོག བོད་ཀྱི་ས་ཁུལ་ཁག་འགའ་ཞིག་ནང་འཚམས་འདྲིར་ཕེབས་ཐུབ་པ་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་པ་དང་། སྤྱིར་བཏང་རྒྱལ་ཁབ་དང་མི་རིགས་ཤིག་གི་གནད་དོན་ལ་སོང་དུས་ཐུང་ནང་སྐུ་ཚབ་ཚོགས་པ་ཐེངས་རེ་ཟུང་ཕེབས་པ་ཙམ་གྱིས་ལམ་སེང་དཀའ་རྙོག་འཁྲུན་ཐག་ཆོད་པ་ཡོང་རྒྱུ་དཀའ་མོད། འོན་ཀྱང་རྒྱ་ཕྱོགས་ནས་ཕྱིར་རྣམ་འགྱུར་བསྟན་ཕྱོགས་སམ། ཨ་རི་གྲོས་ཚོགས་ལ་སོགས་པ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༠༠ ལོར་ཡུ་རོབ་གནའ་འབྲེལ་རྒྱལ་ཁབ་ཁག་གི་སྤྱི་མོས་གྲོས་མཐུན་གྱི་དུས་བཀག་ལས་གཡོལ་ཐབས་ཁ་གཡར་ལྟ་བུ་མ་ཡིན་པར་རྒྱ་ནག་གི་འགོ་ཁྲིད་གསར་རབས་ཚོས་ཁ་ཞེ་གཉིས་མེད་ལྷག་བསམ་རྣམ་དག་གི་སྒོ་ནས་འགན་ཁུར་ཆེ་ཙམ་བཞེས་ཏེ་བོད་རྒྱའི་དཀའ་རྙོག་ཞི་མཐུན་གྲོས་མོལ་གྱི་ལམ་ནས་གང་མགྱོགས་སེལ་ཐབས་གནང་ཚེ་རྒྱལ་སྤྱིའི་ནང་རྒྱ་ནག་གི་མཚན་མཐོང་གཟི་བརྗིད་དང་། ཡུལ་གྱི་ལྷིང་འཇགས་གང་ཅིར་ཕན་ཐོགས་དགེ་མཚན་ཡོང་གནས་ལ་ད་རེས་གོ་སྐབས་འདི་བརྒྱུད་ནས་རྒྱ་ནག་གི་འགོ་ཁྲིད་ཚོར་འབོད་བསྐུལ་ནན་ཙམ་ཞུ་རྒྱུ་མ་ཟད། རང་དབང་ཞི་བདེར་དགའ་བའི་འཛམ་གླིང་མང་ཚོགས་སྤྱི་དང་། ཁྱད་པར་ཡུ་རོབ་གནའ་འབྲེལ་རྒྱལ་ཁབ་ཚོས་གྲོས་མཐུན་གྱི་འབྲུ་དོན་རྣམས་ལ་རྒྱ་ཕྱོགས་ནས་བརྩི་བཀུར་ཉམས་ལེན་དགོས་པའི་གནོན་ཤུགས་ཆེ་ཙམ་གནང་གལ་ཐོག གལ་ཏེ་གོང་གསལ་གྲོས་མཐུན་ཁག་ལ་རྒྱ་ཕྱོགས་ནས་སྔར་སོང་ད་འགྲོའི་བརྩི་མེད་འགལ་འཛོལ་གྱིས་ཞག་ཟླ་ལོ་འབྲེལ་ནར་འགྱངས་མུ་མཐུད་བཞག་རྐྱང་བྱས་ཚེ་ཡུ་རོབ་གནའ་འབྲེལ་རྒྱལ་ཁབ་ཚོས་འདི་སྐོར་བྱ་ར་ཚོད་གཟིགས་ཁོ་ན་མ་ཡིན་པར་གྲོས་མཐུན་གྱི་འབྲུ་དོན་ཁག་དངོས་སུ་ལག་ལེན་དོན་འཁྱོལ་ཡོང་ཐབས་ལ་དགོངས་བཞེས་འཕྲལ་སྨིན་ཡོང་བ་ཞུ་རྒྱུ།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་ཅིང་། ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

Share with your friends










Submit