ཟླ་བ་ ༦ ཚེས ༢༤ ༢༠༡༠

༄༅། །དེ་རིང་འདིར་བོད་ལྗོངས་མང་གཙོའི་ལམ་བཟང་དབུ་བརྙེས་ནས་མི་ལོ་ ༤༧ འཁོར་བའི་རྟེན་འབྱུང་མཛད་སྒོར་ཕེབས་ཞུགས་གནང་བའི་སྐྱབས་གནས་དགེ་འདུན་གྱི་སྡེ་རྣམས་དང་། བཙན་བྱོལ་བོད་གཞུང་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་ལས་ཟུར་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་ལས་ཟུར་རྣམ་པ། དྲུང་ཆེ་ཆུང་གིས་གཙོས་གཞུང་ཞབས་ཆེ་ཕྲ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་འགོ་འཛིན་རྣམ་པ། སྐུ་མགྲོན་རྣམ་པ། སློབ་གྲྭ་ཁག་གི་སློབ་སྤྱི་རྣམ་པ། བརྩེ་བའི་སློབ་ཕྲུག་རྣམས་དང་། འདིར་འདུས་མང་ཚོགས་བཅས་ལ་སྙན་སེང་ཞུ་རྒྱུར།

བོད་འབངས་ལྷ་སྡེ་མི་སྡེ་ཡོངས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མ་མཆིས་པ་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་༸གོང་ས་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ནས་བོད་མིའི་འཕྲལ་ཕུགས་ཀྱི་བདེ་རྩར་དགོངས་བཞེས་རླབས་ཆེན་གྱིས་ལམ་སྟོན་ཟབ་མོ་ཇི་ཕེབས་ལྟར་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་རང་བཞིན་རང་དབང་དང་། དྲང་བདེན། འདྲ་མཉམ་གསུམ་གྱི་གཞི་རྩ་ལྡན་པའི་མང་གཙོ་ཅན་དུ་གྱུར་བའི་རྟགས་རྟེན་དུ་མང་ཚོགས་ནས་འོས་འདེམས་ཞུས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་དང་པོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་དམ་ཕུལ་ལས་སྒོར་ཞུགས་པའི་རླབས་ཆེན་གྱི་ཉིན་མོ་དེར་མང་གཙོའི་ལམ་བཟང་དབུ་བརྙེས་པའི་དུས་དྲན་གྱི་ངོ་བོར་སྲུང་བརྩི་ཞུ་བཞིན་པ་ལྟར་དེ་རིང་བོད་ལྗོངས་མང་གཙོའི་དུས་དྲན་ཐེངས་ ༤༧ པ་དགའ་སྤོབས་དང་། གཟི་བརྗིད་ཆེན་པོའི་ངང་དུས་སྟོན་ཞུ་བཞིན་པའི་སྐབས་འདིར་གུས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༤ པའི་ཚབ་ཞུས་ཏེ་གཞི་བྱེས་སྤན་ཟླ་ཡོངས་དང་། བདེན་པ་དང་། འཚེ་བ་མེད་པ། ཡང་དག་པའི་མང་གཙོའི་ལྟ་གྲུབ་ལ་གཞི་བཅོལ་བའི་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་གནང་མཁན་གནས་ཡུལ་རྒྱ་གར་གྱིས་དབུས་ཕྱིའི་རྒྱལ་ཁབ་ཁག་གི་གཞུང་དང་། གྲོས་ཚོགས། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག གང་ཟག་སྒེར་པ་བཅས་ཚང་མར་མཛའ་བརྩེས་དྲངས་པའི་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་དང་ཆབས་ཅིག་དེང་བཙན་བྱོལ་གཞུང་མང་གཉིས་ཀྱི་ཁྲོད་མང་གཙོའི་འཕེལ་རིམ་ཡར་རྒྱས་སྲ་བརྟན་ཀུན་གྱི་བསྔགས་འོས་སུ་གྱུར་ཟིན་པའི་གནས་སྟངས་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉིད་ཀྱི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལས་གཉིས་སུ་མེད་པར་བརྟེན་ཚང་མས་བཅོས་མིན་བཀའ་དྲིན་རྗེས་དྲན་ཞུ་དགོས་པའི་ཉིན་མོའང་ཡིན།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་སྐུ་གཞོན་ནུའི་དུས་ནས་མང་གཙོའི་ལམ་བཟང་ལ་ཐུགས་མོས་རང་ཆས་སུ་ཡོད་པ་ཞིག་ཡིན་སྟབས་ཕྱི་ལོ་ ༡༩༥༠ ཟླ་ ༡༡ ཚེས་ ༡༧ ཉིན་བོད་ཀྱི་ལུགས་གཉིས་ཀྱི་ཐུགས་འགན་ཕྱག་མཚན་དུ་བཞེས་མ་ཐག་སྤྱི་ཚོགས་ལེགས་བཅོས་ལས་ཁུངས་ཟུར་བཙུགས་ཀྱིས་སྔར་སྲོལ་ཁྲལ་བསྡུའི་རིགས་དང་བུན་འཇལ་ལམ་ལུགས་སོགས་ལ་ སྒྱུར་བཀོད་ཀྱིས་མང་ཚོགས་སྤྱི་དང་། ལྷག་པར་ཉམ་ཐག་མི་མང་གི་བདེ་དོན་ལ་བརྩེ་གཟིགས་ཀྱིས་མང་གཙོའི་བཅོས་བསྒྱུར་དབུ་འཛུགས་གནང་བ་དང་། ཕྱི་ལོ་ ༡༩༥༩ ལོར་ཁྱིམ་མཚེས་རྒྱ་གར་འཕགས་པའི་ཡུལ་དུ་སྲིད་དོན་སྐྱབས་བཅོལ་ལ་ཕེབས་རྗེས་སྐབས་དེར་བོད་ཕྱི་ནང་གཉིས་ཀྱི་དཀའ་ངལ་ཅི་ཆེར་གཟིགས་རྟོགས་དང་། རྒྱལ་སྤྱིའི་ནང་བོད་དོན་བདེན་པའི་གནས་ཚུལ་ཁྱབ་སྤེལ་དང་རྒྱབ་སྐྱོར་ཐོབ་ཐབས་གནང་རྒྱུ་སོགས་ཛ་དྲག་ཆེ་བའི་ཕྱག་ལས་མང་དག་ཡོད་ཀྱང་མང་གཙོའི་བཅོས་བསྒྱུར་གལ་འགངས་ཆེ་ཤོས་གྲས་སུ་བརྩི་གནང་གིས་ལོ་དེའི་ལོ་མཇུག་ནས་གནས་མཆོག་རྡོ་རྗེ་གདན་སོགས་སྐྱབས་བཅོལ་བོད་མིའི་འདུ་འཛོམས་གང་སར་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོར་བསྒྱུར་གལ་གྱི་བཀའ་སློབ་རིམ་ཅན་དུ་བསྩལ་བ་དང་དངོས་སུ་ལག་བསྟར་དགོས་པར་ཨུ་ནན་གྱིས་མང་ཚོགས་ཀྱི་སྐུ་ཚབ་བོད་མི་མང་སྤྱི་འཐུས་གསར་འདེམས་དང་། རིང་པོར་མ་ཐོགས་པར་མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་གཏན་འབེབས་གསལ་བསྒྲགས་གནང་བ་ནས་བཟུང་དུས་ད་ལྟའི་བར་ཐུགས་འཁུར་ཆེ་བཞེས་གནང་བའི་འབྲས་བཟང་དུ་རང་ས་སྦར་མོ་གང་ཡང་མེད་པའི་མི་ཡུལ་ནང་མང་གཙོའི་ཀ་བ་གསུམ་ལྡན་གྱི་མིང་དོན་མཚུངས་པའི་གཞུང་དང་། ས་གནས་ཁག་གི་སྒྲིག་འཛུགས་སོགས་ཇི་ལྟར་ཡོད་བཞིན་པ་རང་རེ་ཚང་མའིི་བློ་མངགས་སེམས་གསལ་ལ་སོང་ངོ་སྤྲོད་སྙིང་བསྡུས་ཙམ་ལས་སྤྲོས་པ་ཆེར་དགོས་གལ་མ་མཐོང་ཞིང་། མདོ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་གསུངས་ལས། བོད་མིའི་ཁྲིམས་མཐུན་གྱི་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ཏེ་མི་ལོ་སུམ་བརྒྱ་དྲུག་ཅུ་སོང་བའི་དུས་སྐབས་ཡང་བྱམས་བརྩེ་དང་འཚེ་བ་མེད་པའི་ལྟ་གྲུབ་ལ་གཞི་བཅོལ་བའི་སྔར་སྲོལ་བཟང་པོ་མི་ཉམས་རྒྱུན་འཛིན་ཐོག ད་ལྟའི་རྒྱལ་སྤྱིའི་གནས་བབས་དང་། བོད་མིའི་དགོས་མཁོ་བཅས་དང་འཚམས་པའི་མང་གཙོའི་རིང་ལུགས་ཀྱི་ལེགས་ཆ་ཡོངས་སུ་ཚང་བའི་རྒྱུན་སྲོལ་དང་། དེང་རབས་ཟུང་དུ་འབྲེལ་བའི་ཆབ་སྲིད་ཀྱི་གནས་བབས་བཟང་པོ་ཞིག་རང་རེ་བཙན་བྱོལ་དུ་གནས་རིང་བསྐྲུན་ཐུབ་པ་ནི་བློ་སྤོབས་དང་། དགའ་སྒོམ་བྱེད་འོས་པ་ཞིག་ཡིན ཞེས་བཀའ་ཕེབས་པ་ལྟར་ཡིན་པ་དང་། སླད་མར་ཡང་མང་གཙོའི་འཕེལ་རིམ་ཡར་རྒྱས་མདུན་བསྐྱོད་ཡོང་མིན་རྒྱ་ཆེའི་མང་ཚོགས་ཀྱི་ཤེས་ཡོན་ཆུ་ཚད་དང་། ཆབ་སྲིད་ཀྱི་གོ་རྟོགས་གོང་འཕེལ་བཅས་ལ་རག་ལུས་པར་བརྟེན། སྤྱིར་འཛམ་གླིང་ནང་མང་གཙོའི་རིང་ལུགས་ཀྱི་འགྲོ་སྟངས་འདྲ་མིན་སྤྱི་དང་། ཡང་སྒོས་རང་རེའི་བཅའ་ཁྲིམས་ཀྱིས་གཙོས་སྒྲིག་གཞི་ཁག་ལ་ཚང་མས་དོ་སྣང་སྱང་བརྩོན་དོན་གཉེར་རྒྱུན་བསྲིང་ཆེ་བསྐྱེད་གནང་གལ་ཆེ་བ་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་བཀའ་སློབ་ཕེབས་པའི་དགོངས་དོན་ལྟར། འབྱུང་འགྱུར་བོད་ཀྱི་རྩ་དོན་དང་དེའི་བསྒྲུབ་ཐབས་སྲིད་བྱུས་ཐག་གཅོད་ཇི་བྱེད་སྐོར་མང་གཙོའི་ལམ་ལུགས་དང་མཐུན་པར་རྒྱ་ཆེའི་མང་ཚོགས་ཀྱི་མང་མོས་ཐག་གཅོད་འོས་བསྡུའི་སྔོན་འགྲོའི་བསམ་ཤོག་བསྡུ་ལེན་ཞུས་འབྲས་བརྒྱ་ཆ་ ༦༤་༤༠ ཡི་མངོན་འདོད་གཞིར་བཟུང་སྐབས་བཅུ་གགཉིས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོོགས་དུས་གཉིས་པར་ཕྱི་ལོ་ ༡༩༩༧ ཟླ་ ༩ ཚེས་ ༢༠ འཁོད་སྤྱི་མོས་གྲོས་ཆོད་ཀྱི་དགོངས་དོན། བོད་ཀྱི་རྩ་དོན་དང་དེའི་བསྒྲུབ་ཐབས་བཅས་༸གོང་ས་ཆེན་པོས་དུས་ནས་དུས་སུ་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་གཅོད་མཛད་གནང་ཡོང་བའི་གསོལ་འདེབས་ཨུ་ནན་གྱིས་ཞུ་རྒྱུ་དང་། ༸གོང་ས་ཆེན་པོས་ཡེ་ཤེས་དབྱིངས་དཔྱད་ཀྱིས་བོད་ཀྱི་རྩ་དོན་དང་དེའི་བསྒྲུབ་ཐབས་སྲིད་བྱུས་ཐག་གཅོད་ཇི་གནང་ལ་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་གཏན་ལ་ཕབ་པའི་ནུས་ཤུགས་ལྡན་པར་བོད་མི་ཡོངས་ནས་ཚད་འཛིན་ཞུ་རྒྱུ་ཞེས་༸གོང་ས་མཆོག་ལ་སྐུ་དབང་ཆ་ཚང་ཕུལ་ཡོད་ཅིང་། ༸གོང་ས་མཆོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་དེ་སྔོན་ནས་དགོངས་ཡངས་དཀྱེལ་ཆེས་གཉིས་སྨན་དབུ་མའི་ལམ་གྱི་གྲོས་འཆར་བཏོན་གནང་མཛད་པ་གཞིར་བཟུང་ཁ་ཞེ་གཉིས་མེད་དང་ལྷག་བསམ་རྣམ་དག་གི་སྒོ་ནས་མུ་མཐུད་ཐུགས་ཁུར་ཆེ་བཞེས་ཀྱིས་རྒྱ་ཕྱོགས་ལ་ལན་དགུ་ཆད་མཐུད་ཀྱི་འབྲེལ་ལམ་མཛད་ཡོད་ཀྱང་། རྒྱ་ཕྱོགས་ནས་ཡ་ལན་བདག་སྤྲོད་ཚུལ་བཞིན་མ་བྱས་ཁར། བོད་ནང་འགྲོ་བ་མིའི་ཐོབ་ཐང་ཁག་ལ་བརྩི་མེད་རྡོག་རོལ་གཏོང་རྐྱང་བྱས་དང་བྱེད་བཞིན་པ་དང་། ནུབ་བརྒྱུད་གསར་སྤེལ་ཆེན་མོ་ཟེར་བའི་ལས་འཆར་ཁོངས་མཚོ་སྔོན་ནས་བོད་ཀྱི་རྒྱལ་ས་ལྷ་ས་བར་མེ་འཁོར་ལྕགས་ལམ་བཟོ་བསྐྲུན་གྱིས་མཚོན་ལས་གཞི་ཁག་ལག་ལེན་བསྟར་ཏེ་རྒྱ་རིགས་ཕོན་ཆེ་བོད་ནང་ཉིན་ལྟར་གཏན་གཞིས་ཆེད་སྤོ་ཤུགས་ཀྱིས་བོད་མི་རྣམས་རང་ཡུལ་ནང་གྲངས་ཉུང་མི་རིགས་སུ་གྱུར་བའི་ཐོག་བོད་མིའི་འཚོ་བའི་ལས་ཡུལ་གོ་སྐབས་འཕྲོག་བཞིན་པ། བོད་ནང་རང་བྱུང་གཏེར་དངོས་རྣམས་ཚད་ལས་བརྒལ་བའི་བསྔོག་འདོན་དང་། ཤིང་སྣ་གཅོད་འབྲེགས། གཅན་གཟན་རི་དྭགས་བག་མེད་ཁྱི་ར་བརྒྱབས་པ་སོགས་ཀྱིས་ཁོར་ཡུག་ལ་གནོད་ཚབས་ཅི་ཆེ་བཏང་དང་གཏོང་བཞིན་པ། བོད་རྒྱལ་ཡོངས་ནང་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་དེ་སྔ་རིག་གནས་གསར་བརྗེ་ཆེན་མོ་ཟེར་བའི་གནས་སྟངས་དང་མཚུངས་པར་དམིགས་ཡུལ་ངེས་ཅན་གྱིས་སྔ་རྗེས་སུ་སྤེལ་བ། ཆོས་ལུགས་ཀྱི་སྲོལ་ཡིག་འདྲ་མིན་དང་། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་ཐབས་བཅས་ནི་མི་ལོ་སྟོང་ཕྲག་མང་པོའི་སྔོན་ནས་ཡོད་པའི་སྲོལ་རྒྱུན་ཆོས་བྱེད་ཀྱི་རང་དབང་འཕྲོག་བཞིན་པ། ༸གོང་ས་མཆོག་གི་ཆོས་སྲིད་མཛད་འཕྲིན་དང་མཚན་སྙན་གྱི་བ་དན་འཛམ་གླིང་ཡོངས་ལ་འཕྲོ་བཞིན་པར་མཚན་སྨད་སྐུར་འདེབས་བསམ་ཡུལ་ལས་འདས་པ་བྱེད་བཞིན་པ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གར་བཞུགས་དང་སྐུ་ཁམས་གནས་སྟངས་ཤེས་རྟོགས་མེད་བཞིན་པ། བོད་རྒྱའི་འབྲེལ་མཐུད་སྐུ་ཚབ་དབར་ངོ་ཐུག་འབྲེལ་མོལ་ཐེངས་དྲུག་བྱུང་བའི་ཐད། སྐུ་ཚབ་ཕེབས་ཐེངས་དྲུག་པས། ཕྱི་ལོ་ ༢༠༠༧ ཟླ་ ༧ ཚེས་ ༦ འཁོད་གསར་འགོད་གསལ་བསྒྲགས་ནང་། ད་ཆ་ང་ཚོའི་འབྲེལ་མོལ་གྱི་ལས་རིམ་ཁག་ཛ་དྲག་གཉན་འཕྲང་ཆེ་བའི་དུས་མཚམས་ཤིག་ཏུ་སླེབས་ཡོད་ལ། ང་ཚོའི་ངོས་ནས་བོད་ཀྱི་གནད་དོན་སྤྱིའི་ཐོག་སེམས་འཚབ་ཆེན་པོ་བྱེད་གཞིའི་གནས་ཚུལ་ཁག་རང་ནུས་ཡོད་རྒུས་རྒྱ་གཞུང་འབྲེལ་ཡོད་ལ་བརྒྱུད་ཞུ་བྱས་པ་མ་ཟད། ད་ཡོད་འབྲེལ་མོལ་གྱི་ལས་རིམ་འདི་གོང་འཕེལ་དུ་གཏོང་རྒྱུར་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ལྡན་པའི་བསམ་འཆར་ཁག་ཅིག་ཕྱག་ལེན་དུ་འགེལ་དགོས་པའི་གྲོས་འགོ་ཡང་བཏོན་པ་ཡིན་ ཞེས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ང་ཚོའི་འབྲེལ་མོལ་གྱི་ལས་རིམ་ཐོག་ཁྱོན་ཡོངས་ནས་ཞིབ་འཇུག་བྱས་པའི་སྙན་ཐོ་ཞིག་དགོས་པའི་བཀོད་ཁྱབ་ཕེབས་དགོངས་བཞིན། བཀའ་བློན་ཁྲི་པ་རིན་པོ་ཆེ་མཆོག་ནས་རིང་མིན་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་སྐོང་ཚོགས་གནང་རྒྱུ་རེད་ ཅེས་སོགས་ལ་གཞིགས་ན། གྲོས་མོལ་དངོས་གཞི་འགོ་འཛུགས་བྱ་རྒྱུར་ནར་འགྱངས་ཁོ་ན་བྱེད་པ་ནི་གསལ་པོར་རྟོགས་ཐུབ་པ་སོགས་མདོར་ན་བོད་ཀྱི་གནས་སྟངས་ཛ་དྲག་གཉན་འཕྲང་ཅན་ཞིག་ཆགས་ཟིན་ཡོད་ནའང་། རྒྱ་ཕྱོགས་ནས་ཡ་ཡོལ་དུས་འགྱངས་ཁོ་ན་བྱེད་མུས་ཁར། རྒྱ་ནག་ནས་བོད་ལ་འཛིན་པའི་སྲིད་བྱུས་སྐྱོན་ཅན་ལ་འགྱུར་བ་གང་ཡང་ཕྱིན་མེད་པ་བཅས་ལ་བརྟེན། ད་ཆ་བོད་མི་རྣམས་སྒུག་ཡུན་མ་ཚུགས་ཤིང་བཟོད་ཐབས་བྲལ་བའི་དུས་སྐབས་སུ་སླེབས་ཡོད། དེའི་དཔེར་མཚོན་ཁ་ཤས་ཞུས་ན། འདི་ལོའི་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་དང་སྟབས་བསྟུན་ཏེ་བོད་ནང་ཆོལ་ཁ་གསུམ་གྱི་ས་ཁྱོན་དུ་མ་བགྲོས་བསམ་པ་གཅིག་མཐུན་གྱིས་བསངས་གསོལ་ཟབ་རྒྱས་དང་། སྐུ་ཁམས་དར་འཛུགས། སྤྲོ་སྐྱིད་གཏོང་བ་སོགས་མངོན་གསལ་དོད་པོས་གནང་བ། དེ་བཞིན་ཉེ་བའི་ཆར་ཕྱི་ཟླ་ ༨ ཚེས་ ༡ ཉིན་མདོ་ཁམས་ལི་ཐང་དུ་ལོ་འཁོར་དབྱར་སྐྱིད་དང་། རྟ་རྒྱུགས་རྩེད་འགྲན་འདུ་འཛོམས་སྐབས་དཔའ་བོ་རུང་རྒྱས་ཨ་གྲགས་ལགས་ནས་༸གོང་ས་༸སྐྱབས་མགོན་༧རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་གང་མགྱོགས་ཕྱིར་ཕེབས་དགོས་པ་དང་། ༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རྣམ་གཉིས་ཀྱིས་གཙོས་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་དགོས་པ། བོད་ལ་རང་དབང་རང་བཙན་དགོས་པ། རྩ་ཐང་ཆུ་ཁ་དང་དབྱར་རྩ་དགུན་འབུའི་ཐོག་བོད་མི་ནང་ཁུལ་འཁྲུག་རྩོད་ཡོང་བཞིན་པར་མཚམས་འཇོག་དགོས་པ་སོགས་ཀྱི་སྐད་འབོད་ཤུགས་ཆེ་གནང་བར་བརྟེན་རྒྱ་མིས་བཙོན་འཇུག་བྱས་ཏེ་ད་ལྟ་གར་སོང་ཆ་མེད་དུ་གྱུར་ཡོད་པ་ དང་། དེས་རྐྱེན་པས་ས་ཁུལ་བོད་མི་སྟོང་ཕྲག་མང་པོས་རུང་རྒྱས་ཨ་གྲགས་ལགས་ཀྱི་སྐད་འབོད་ལ་རྒྱབ་སྐྱོར་གྱིས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ་ཉིན་བརྒྱད་རིང་རྒྱ་ནག་དཔོན་རིགས་ཚོས་དམག་དཔུང་གི་རྫིག་རྔམ་དང་། དམར་གསོད་གཏོང་རྒྱུའི་སྡིགས་ར་ཇི་ཙམ་བསྐུལ་ཡང་ཕྱིར་འཐེན་མ་བྱས་པར་ཅི་བྱ་གཏོལ་མེད་དུ་གྱུར་བའི་གཟི་བརྗིད་ལྡན་པའི་མ་བསྐུལ་དྭང་བླང་གི་ལས་འགུལ། ཡང་ལྡི་ལིར་རྒྱལ་གཅེས་ལྷག་བསམ་ལྡན་པའི་བོད་མི་བཅུ་བཞི་ནས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་ལས་འགུལ་དང་། དེ་སྐབས་བོད་མི་ཁྲི་ཚོ་བརྒལ་བ་རྒྱ་བལ་གནས་ཡུལ་གང་ས་ནས་ལྡི་ལིར་འབྱོར་ཏེ་མི་མང་གི་མདུན་བསྐྱོད་ཆེན་མོའི་ལས་འགུལ་ནང་ཞུགས་པ། དེ་བཞིན་འཆར་ལོ་ནང་རྒྱ་ནག་ཏུ་འཛམ་གླིང་རྩེད་འགྲན་ཆེན་མོ་འཚུག་རྒྱུ་དང་འབྲེལ་བའི་རྩེད་མོའི་ལས་འགུལ་སོགས་ཡིན། གོང་གསལ་བོད་ནང་གི་ལས་འགུལ་དང་རྒྱལ་ས་ལྡི་ལིར་སྤེལ་བའི་ལས་འགུལ་ཁག་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན། ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོས་བཏོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱ་ཕྱོགས་ནས་དོན་སྙིང་ལྡན་པའི་ཡ་ལན་མ་བྱུང་ཚེ་ལས་འགུལ་འདི་རིགས་མུ་མཐུད་ཡོང་རྒྱུར་གོར་མ་ཆགས། སྐབས་སོ་སོའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་ཚུགས་ཀྱིས་དམ་ཕུལ་ལས་སྒོར་དངོས་ཞུགས་ཟིན་མཚམས་རྒྱ་ཆེའི་མང་ཚོགས་ལ་འཚམས་འདྲི་གཟིགས་སྐོར་ལ་དང་ཆབ་སྲིད་སློབ་གསོར་ཕེབས་རྒྱུའི་ལས་རིམ་ལག་ལེན་བསྟར་མུས་ལྟར། སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་རྣམས་ཆ་བགོས་ཀྱིས་རྒྱ་བལ་གཉིས་ནང་རང་རིགས་འདུ་སྡོད་ས་ཁུལ་ཁག་ནང་རྒྱ་ཆེའི་མང་ཚོགས་ལ་འཚམས་འདྲི་དང་སྦྲགས་ཆབ་སྲིད་སློབ་གསོའི་ལས་འཆར་འདི་ལོ་ཕྱི་ཟླ་བཞི་པ་ནས་འགོ་འཛུགས་ཀྱིས་ད་ཆ་མཇུག་སྒྲིལ་ལེགས་བསྒྲུབ་ཟིན་ཉེར་སླེབས་ཤིང་། ས་ཁུལ་སོ་སོར་སྤྱི་སྒེར་བདེ་སྡུག་དཀའ་ངལ་ཞུས་ཁོངས་དཀའ་ངལ་ཆུང་ཙག་ས་གནས་སུ་འབྲེལ་ཡོད་རྣམས་དང་གོ་བསྡུར་གྱིས་ས་གནས་ས་ཐོག་ཏུ་སེལ་ཐབས་གཙོ་འདོན་ཐོག དཀའ་ངལ་གནད་འགག་ཆེ་བ་རྣམས་སྤྱི་འཐུས་སོ་སོའི་ལས་བསྡོམས་ནང་སྙན་སེང་གིས་རྗེས་སུ་སྤྱི་འཐུས་རྒྱུན་ལས་ནས་དབྱེ་ཞིབ་དང་འབྲེལ་དཀའ་སེལ་ཕན་གྲོགས་དགོས་པའི་བཀའ་དྲུང་ཡིག་ཚང་བརྒྱུད་འབྲེལ་ཡོད་ལས་ཁུངས་ཁག་ལ་རྒྱབ་གཉེར་མཇུག་གནོན་ཞུ་མུས་ཐོག ཆེས་གལ་གནད་ཆེ་རིགས་གྲོས་ཚོགས་དང་། བཀའ་སྤྱི་ལྷན་ཚོགས་སོ་སོར་བཀའ་བསྡུར་ཞུ་འོས་ཞུ་རྒྱུ་སོགས་མདོ་དོན་མང་ཚོགས་ཀྱི་བདེ་སྡུག་དཀའ་ངལ་ཞུས་རིགས་ལ་དོ་སྣང་ཆེ་བསྐྱེད་ཞུ་བཞིན་པ་དང་། ད་རེས་འཚམས་གཟིགས་སྐབས་གཞིས་ཆགས་ཁག་དང་། དགོན་སྡེ་གྲྭ་ཚང་། རང་འཚོའི་འདུ་གནས། གཏན་འཇགས་སུད་ཚོང་ས་ཁུལ། མཐོ་སློབ་བསྟི་གནས་ཁག སློབ་གྲྭ་སོགས་ཀྱི་ཁོངས་ཝ་ལུང་དང་ར་སུ་ཝ་གཉིས་ཕུད་ས་གནས་ཁག་ལ་ཆད་ལུས་མེད་པར་ཕེབས་ཐུབ་པ་མ་ཟད། ཆེས་ལུང་ཁུག་གི་ས་ཁུལ་ཀྲུ་ཀྲིང་དང་། རྟ་དབང་། ལ་དྭགས་བྱང་ཐང་འབྲོག་ས་ས་ཁག་དགུ། བལ་ཡུལ་རྡོར་པ་ཊན་དང་གློ་ཚེ་རོགས། མ་ནང་། ཤར་ཁུམ་བདེ་ལེགས་གླིང་། རྫ་རོང་འཁྲུལ་ཞིག་དགོན་པ་བཅས་ལའང་གཟིགས་བསྐོར་གནང་ཐུབ་པ་བྱུང་ཡོད། ད་ལམ་འཚམས་འདྲིར་ཕེབས་སྐབས་ས་གནས་འགོ་འཛིན་གྱིས་གཙོས་འབྲེལ་ཡོད་སྒྲིག་འཛུགས་ཁག་གིས་ས་བབ་མཐུན་འགྱུར་ཕྱར་གྲུ་མཉམ་འདེགས་གནང་བར་བརྟེན་སྐབས་བབ་ལས་དོན་ལེགས་བསྒྲུབས་བྱུང་བར་ད་རེས་གོ་སྐབས་འདི་བརྒྱུད་ནས་འབྲེལ་ཡོད་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་སྲིད་མཐར་བརྟན་ཅིང་། ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བ། བོད་ཀྱི་མང་གཙོ་ད་དུང་ཡང་ཡར་རྒྱས་གོང་འཕེལ་དང་སྲ་བརྟན་ཡོང་བའི་སྨོན་འདུན་ཞུ་རྒྱུ་བཅས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས། ༢༠༠༧ ཟླ་ ༩ ཚེས་ ༢ ལ།།

Share with your friends










Submit