ཟླ་བ་ ༦ ཚེས ༢༤ ༢༠༡༠

༄༅། །དེ་རིང་འདིར་བོད་ལྗོངས་མང་གཙོའི་ལམ་བཟང་དབུ་བརྙེས་ནས་མི་ལོ་ ༤༥ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་ཕེབས་བཞུགས་གནང་བའི་སྐྱབས་གནས་དགེ་འདུན་གྱི་སྡེ་རྣམས་དང་། དཔལ་ལྡན་རང་གཞུང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་ཆེན་མོས་དབུས་ཁྲིམས་ཞིབ་པ་ལས་ཟུར་རྣམ་པ། དཔལ་ལྡན་བཀའ་བློན་ཁྲི་པས་དབུས་བཀའ་བློན་ལས་ཟུར་རྣམ་པ། རང་དབང་ལྡན་པའི་ལས་ཁང་ཁག་གི་འགན་འཛིན་རྣམ་པ། དྲུང་ཆེ་ཆུང་གིས་དབུས་གཞུང་ཞབས་ལས་ཟུར་རྣམ་པ། རྡ་ས་ས་གནས་འཐུས་ཚོགས་དང་ས་གནས་འགོ་འཛིན། ས་གནས་རང་བདེན་ཚོགས་ཆུང་། གཞན་ཡང་འདིར་འདུས་རྒྱ་ཆེའི་མང་ཚོགས་བརྒྱུད་གཞིས་བྱེས་བོད་མི་ཡོངས་ལ་ཕྲན་གྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དགའ་སེམས་འཁོལ་བའི་ངང་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

འཛམ་གླིང་ནང་ཆབ་སྲིད་ཀྱི་ལྟ་གྲུབ་བམ། གཞུང་སྲིད་འཛིན་སྐྱོང་གི་ལམ་ལུགས་འདྲ་མིན་ཅི་རིགས་ཤིག་ཡོད་ཁོངས་ནས་རང་དབང་མང་གཙོའི་རིང་ལུགས་ནི་ཆེས་གྲགས་ཆེ་བ་དང་རྒྱ་ཆེའི་མང་ཚོགས་ཀྱི་བདེ་སྡུག་ལྟ་སྐྱོང་དང་འབྲེལ་བའི་ལམ་ལུགས་གཙིགས་ཆེར་འཛིན་གྱི་ཡོད་པ་དང་། འགྲོ་བ་ལྷ་དང་བཅས་པའི་མགོན་དཔུང་བླ་ན་མ་མཆིས་པ་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་སྐུ་གཞོན་ནུའི་དུས་ནས་མང་གཙོའི་རིང་ལུགས་ལ་ཐུགས་འདུན་ལྷན་སྐྱེས་རང་ཆས་སུ་ཡོད་དེ་བོད་ནང་རྒྱ་དམར་གྱིས་དབང་ཤེད་འགལ་རྐྱེན་ཇི་ལྟར་བཟོས་མིན་ལ་ལྟོས་མེད་བོད་ཀྱི་ཆབ་སྲིད་རང་བཞིན་མང་གཙོ་ཅན་དུ་སྒྱུར་བཀོད་གནང་ཐབས་སུ་དུས་བསྟུན་ཐུགས་འབུངས་ཆེ་བསྐྱེད་གནང་བ་མ་ཟད། རྒྱ་གར་འཕགས་པའི་ཡུལ་དུ་སྲིད་དོན་སྐྱབས་བཅོལ་ལ་ཕེབས་མ་ཐག་མི་རྒྱུ་ཤེས་གསུམ་གྱི་ཆ་རྐྱེན་འཛོམས་མིན་ལ་མ་ལྟོས་པར་བོད་མིའི་འཕྲལ་ཕུགས་རྒྱང་གསུམ་གྱི་ཁེ་ཕན་ལ་གཞིགས་ཏེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་འཛུགས་གསར་བཏོད་དང་སྦྲགས་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་ཆོས་ལུགས་ཆོལ་གསུམ་དང་བཅས་པའི་ མི་མང་འཐུས་མི་རྣམས་ནས་གསར་མཇལ་དམ་ཕུལ་གྱིས་ལས་སྒོར་ཞུགས་པ་ནས་བཟུང་བོད་ལྗོངས་མང་གཙོའི་ལམ་བཟང་དབུ་བརྙེས་ཤིང་། དེ་རྗེས་མང་གཙོའི་འཕེལ་རིམ་དང་ཡར་རྒྱས་མདུན་མཆོངས་ཇི་ལྟར་བྱུང་ཡོད་མེད་རང་རེ་ཚང་མའི་བློ་མངའ་སེམས་གསལ་ལ་སོང་ཞིབ་འགྲེལ་མ་དགོས་པར་མདོ་དོན་འཚེ་མེད་ཞི་བའི་ལྟ་གྲུབ་གཞི་རྩར་བཟུང་ཐོག ཆབ་སྲིད་དགོས་མཁོར་གཞིགས་པས་ཆོས་སྲིད་ཟུང་འབྲེལ་གྱི་གཞུང་སྲིད་ལམ་ལུགས་སྲ་བརྟན་ཞིག་བཙུགས་ཐུབ་པ་ནི་དགའ་སྒོམ་ཆོག་ཤེས་བྱ་འོས་དང་།

འཛམ་གླིང་ནང་རྒྱལ་ཁབ་མང་པོའི་མང་གཙོའི་འཕེལ་རིམ་ལོ་རྒྱུས་དེབ་ཐེར་དག་ལ་བལྟས་ཚེ་མང་གཙོ་སྒེར་ལངས་ཀྱི་ལས་འགུལ་ནང་མང་ཚོགས་ནས་མི་རབས་རིམ་བརྒྱུད་ཀྱིས་དཀའ་སྤྱད་རྒོལ་འཛིངས་དང་། མི་བསད་ཁྲག་སྱོར། རྒྱུ་ནོར་ལོངས་སྤྱོད་དང་བཅས་པ་བློས་བཏང་བྱ་དགོས་ཀྱིས་དཀའ་རྙོག་འཁྲུག་རྩོད་ཇི་སྙེད་ཅིག་བྱུང་ཡོད་ཀྱང་། རང་ཅག་བོད་འབངས་རྣམས་ལ་ནི་མང་ཚོགས་ནས་ཞུ་རྩོད་འཕེར་མིན་ལ་མ་ལྟོས་པར་༸གོང་ས་༸སྐྱབས་མགོན་ཆེན་པོས་བོད་འབངས་རྣམས་ཀྱི་འཕྲལ་ཡུན་ཕན་བདེ་ཁོ་ནར་དགོངས་བཞེས་བླ་མེད་ཀྱིས་མང་གཙོའི་ལམ་བཟང་གནང་སྱིན་ལྟ་བུ་བདེ་བླག་ཏུ་གསོལ་བསྩལ་བསྐྱངས་པ་ལྟར་ད་རེས་གོ་སྐབས་འདི་བཟུང་ནས་གཞིས་བྱེས་བོད་མིའི་ངོ་ཚབ་མཚོན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་རྗེ་བཀྲིན་བླ་མེད་དུ་ཆེ་ཞེས་ལན་བརྒྱར་ཞུ་རྒྱུ་ཡིན། ཕྱོགས་གཞན་ཞིག་ནས་མང་གཙོ་འི་འཐབ་རྩོད་ཀྱི་ལས་འགུལ་ནང་དཀའ་སྤྱད་འབད་བརྩོན་གང་ཡང་བྱ་མ་དགོས་པའི་ཉེར་ལེན་གྱིས་མང་གཙོའི་རིན་ཐང་ཁྱད་ཆོས་རྣམས་མི་ཤེས་པའི་ཉེན་ཁ་ཡོད་སྟབས་སྤྱིར་འཛམ་གླིང་ནང་མང་གཙོའི་འགྲོ་ལུགས་འདྲ་མིན་དང་། ཡང་སྒོས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་རིམ་པས་གཏན་འབེབས་ཟིན་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་གཙོ་གྱུར་གྱི་དཔལ་འབྱོར་དང་འབྲེལ་བའི་སྒྲིག་གཞི་ཁག་དང་། འཛིན་སྐྱོང་དང་འབྲེལ་བའི་སྒྲིག་གཞི་ཁག་སོགས་སྒྲིག་གཞི་རྣམ་གྲངས་ཉི་ཤུ་སྐོར་ཡོད་པ་རྣམས་ལ་མང་ཚོགས་ནས་སློབ་སྦྱོང་དོན་གཉེར་ཆེ་ཙམ་ཡོང་བའི་འབོད་བསྐུལ་ནན་ཆེ་ཞུ་རྒྱུ་ཡིན། མང་ཚོགས་ནས་སྒྲིག་གཞི་ཁག་གི་འབྲུ་དོན་ཐོག་ཇི་ཙམ་གྱི་ཉམས་སྣང་རྟོག་ཞིབ་ཐུབ་པ་དེ་ཙམ་གྱིས་མིས་དབང་བསྒྱུར་ནས་ཁྲིམས་ཀྱིས་དབང་བསྒྱུར་ཕྱོགས་སུ་འགྲོ་རྒྱུར་ཕན་རླབས་ཆེ་བ་ཡོང་ངེས། ད་ཕན་ལོ་མང་རིང་སྒྲིག་གཞི་ཁག་ལ་དུས་བསྟུན་ལེགས་ཆའི་བསྐྱར་བཅོས་རིམ་བྱུང་རྣམས་དཀྱུས་གཅིག་ཏུ་གཟིགས་བདེའི་ཆེད་ཕྱོགས་བསྡེབས་ཀྱིས་དེབ་གཟུགས་སུ་དཔར་བསྐྲུན་ཞུས་དང་ཞུ་མུས་ཡིན་ན་རིམ་པས་གཟིགས་རྟོགས་ཡོང་རྒྱུ།

ཕྱི་ལོ་ ༢༠༠༥ དང་ ༢༠༠༦ ནང་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། མང་ཚོགས་ནས་འོས་བསྡུ་བྱས་པའི་བཀའ་བློན་ཁྲི་པ་སྐབས་གཉིས་པ་བཅས་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་གལ་ཆེ་གཉིས་ཀྱི་དུས་སྐབས་འཁེལ་གྱི་ཡོད་ཅིང་། ཚང་མའི་དགོངས་མངའ་ལྟར་སྤྱི་འཐུས་ལྷན་ཚོགས་ནི་ཁྲིམས་བཟོ་ལྷན་ཚོགས་ཏེ། བཙན་བྱོལ་བོད་མིའི་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་མཐའ་དག་ཐོག་སྲིད་བྱུས་དང་ལམ་སྟོན་གཏན་འབེབས་བྱ་རྒྱུ་དང་། གཞུང་དང་མང་ཚོགས་དབར་འབྲེལ་ལམ་གྱི་ཟམ་པ་ལྟ་བུ་ཡིན་པ་སོགས་སྒྲིག་འཛུགས་གལ་ཆེ་ཞིག་ཡིན་པ་དང་། བཀའ་བློན་ཁྲི་པ་ནི་བཙན་བྱོལ་བོད་མིའི་འཛིན་སྐྱོང་འགོ་ཁྲིད་མཐོ་ཤོས་ཤིག་ཡིན་སྟབས་གཞིས་བྱེས་བོད་མིའི་དམིགས་ཡུལ་བསྒྲུབ་བྱ་རྩ་དོན་རང་ཡུལ་རང་དབང་སླར་གསོའི་ལས་དོན་རྣམས་དང་། འཛིན་སྐྱོང་ལས་དོན་ཞུ་སྒོ་མཐའ་དག་ཚགས་ཚུད་ཡར་རྒྱས་ཡོང་མིན་དང་། དེ་བཞིན་བཙན་བྱོལ་བོད་མི་རྣམས་ནང་ཁུལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་གནས་ཐུབ་མིན་སོགས་གོང་ཁག་གཉིས་ཀྱི་ལས་འགན་བསྒྲུབ་ཕྱོགས་ལ་རག་ལུས་ཤིང་། དེས་ན་སྤྱི་འཐུས་རྣམས་དང་། བཀའ་བློན་ཁྲི་པའི་འོས་དམིགས་མི་འགྲོ་རྣམས་ཕྱི་ནང་ཤེས་ཡོན་གྱིས་ཕྱུག་ཅིང་། རྒྱལ་ཞེན་ལྷག་བསམ་ལྡན་ལ། སྤྱི་མི་མཚོན་པའི་དྲང་ཚུགས་ངང་ལས་འགན་འཁུར་བསྒྲུབ་ཐུབ་པ་འབའ་ཞིག་དགོས་ངེས་ལ་བརྟེན་རང་རེའི་སྤྱི་ཚོགས་ནང་དེ་འདྲའི་ཆ་རྐྱེན་འཛོམས་ པའི་འོས་དམིགས་གང་ན་སུ་ཡོད་རྣམས་མང་ཚོགས་ཀྱིས་དཔྱད་ཞིབ་འཚོལ་སྒྲུབ་ཀྱིས་རྨོངས་ཞེན་ཕྱོགས་ལྷུང་སྤང་སྟེ་ཚད་ལྡན་དྲང་བདེན་སྒོ་ནས་འོས་འདེམས་ཐུབ་པ་གནང་རྒྱུ་དང་། ཤེས་ཡོན་ཆ་རྐྱེན་ལྡན་པའི་འོས་དམིགས་རྣམས་ནས་ཀྱང་རང་ཁེ་ཁོ་ན་མ་བསམས་པར་བོད་དང་བོད་མིའི་གནས་སྟངས་གཉན་འཕྲང་ཛ་དྲག་ཆེ་བའི་སྐབས་འདིར་རང་དོན་བློས་བཏང་གིས་བགོ་སྐལ་སྤྱི་དོན་ཐོག་ཕྱར་གྲུ་མཉམ་འདེགས་འགན་ཁུར་ཆེ་བསྐྱེད་དགོས་ངེས་ལ་བརྟེན་འོས་དམིགས་ནས་དགོངས་ཞུ་ཕྱིར་འཐེན་རིགས་མ་གནང་བར་འོས་ཁོངས་བཞུགས་ཐབས་གནང་རྒྱུ་སོགས་མདོར་ན་མང་གཙོའི་ཐོབ་ཐང་ཆེ་ཤོས་གདམས་བྱ་འདེམས་བྱེད་ཀྱི་ཁེ་དབང་ལ་ཚུལ་བཞིན་ལོངས་སྤྱོད་ཐུབ་ཐབས་གནང་རྒྱུ་དང་། གལ་ཏེ་སྤྱི་འཐུས་རྣམས་དང་། བཀའ་བློན་ཁྲི་པའི་འོས་འདེམས་ཚད་མཐུན་མ་བྱུང་ཚེ་བོད་ཀྱི་བསྟན་པ་ཆབ་སྲིད་ལ་དོ་ཕོག་འཐུས་ཤོར་ཅི་ཆེ་ཆགས་ཀྱི་ཡོད་སྟབས་ཁེ་ཉེན་ལྡོག་ཤེས་ཀྱིས་བསམ་ཞིབ་ནན་ཏན་དང་སྦྲགས་རང་དོན་འོས་འཕེན་གྱི་ཆ་ཤས་བླང་རྒྱུར་འཕྱུག་མེད་གནང་རྒྱུ་ནི་གལ་ཆེ་ཡིན་པས་དེར་ཚང་མས་ཐུགས་གཟབ་གནང་གལ། གཞན་ཡང་ས་གནས་སོ་སོར་ས་གནས་འཐུས་ཚོགས་དང་། ས་གནས་རང་བདེན་ཚོགས་ཆུང་། ས་གནས་འགོ་འཛིན། ས་གནས་འོས་བསྡུའི་ཚོགས་མི་བཅས་འོས་འདེམས་སྐབས་ལའང་སྣང་ཆུང་བསྐྱུར་འཇོག་མ་གནང་བར་འགན་ཁུར་དང་ལེན་ཆེ་ཙམ་དགོས་པ་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་ཞུ་འདོད་བྱུང་།

ཆིག་སྒྲིལ་ནི་ཆབ་སྲིད་ཀྱི་སྲོག་རྩ་ལྟ་བུ་དང་། ཁྱད་པར་རང་ཅག་བོད་མི་རྣམས་ལ་ནི་རང་ཡུལ་རང་དབང་སླར་གསོའི་སྒྲུབ་པ་ཉམས་ལེན་གྱི་སྐབས་སུ་མེད་དུ་མི་རུང་བའི་ཆ་རྐྱེན་གལ་འགངས་ཆེ་བ་ཞིག་ཡིན་གཤིས་བོད་མི་རྩམ་གཟན་རྣམས་གོང་བུ་ཆིག་སྒྲིལ་གྱི་ནུས་སྟོབས་གོང་འཕེལ་གཏོང་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་ཡིན་པར་སོང་ཚང་མས་འབད་བསྒྲུབ་ཆེ་བསྐྱེད་གནང་གལ་དང་། ནང་ཁུལ་འགལ་འདུའི་དཀའ་རྙོག་ཕྲན་ཚེགས་བྱུང་རིགས་ཀྱང་སྤྱི་སྲོལ་ལྟར་ཞི་མོལ་གྲོས་བསྡུར་གྱི་ལམ་ནས་ཁ་རྨ་ནང་གསོའི་ཐབས་ལམ་བསྟེན་དགོས་ཐོག རང་རེ་བོད་མི་རྣམས་སྟོན་པ་གཅིག་གི་རྗེས་འཇུག་དང་། ཕ་མ་གཅིག་ལས་མཆེད་པའི་སྤན་ཟླའི་འདུ་ཤེས་ལར་རྒྱ་དམ་བཟུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དུས་གསུམ་གསལ་གཟིགས་ཀྱིས་འཕྲལ་ཡུན་ཀུན་དགེའི་བཀའ་སློབ་སྤྱི་ཕེབས་རྣམས་ལ་ཉམས་ལེན་དོན་འཁྱོལ་ཡོང་ཐབས་སྒོ་གསུམ་ཡོད་རྒུ་རྩལ་སྤྲུག་འབད་སྒྲུབ་གནང་རྒྱུ་དུས་སུ་བབས་པས་ནན་བསྐུལ་ཤུགས་ཆེ་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་སྲིད་མཐར་བརྟན་ཅིང་། ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ ༢༠༠༥ ཟླ་ ༩ ཚེས་ ༢ ལ། །